༤ བོད་ཟས་རྩམ་པས་བཟོས་པའི་ཟས་རིགས།


༤ བོད་ཟས་རྩམ་པས་བཟོས་པའི་ཟས་རིགས།

བོད་ཟས་རྩམ་པ་ལས་སྣོན་བྱས་ཏེ་ཟས་རིགས་སྣ་ཚོགས་ཤིག་བཟོ་སྲོལ་ཡོད་པ་སྟེ། དཔེར་ན། སྤགས་དང༌། ཞུན། སྐྱོ་མ། ཟན་ཆང༌། རྩམ་ཐུག རྩམ་ཉོག མར་ཟན། ཕྱེ་མར་སོགས་ཡོད།
སྤགས་ནི། ཆུ་ཁོལ་མ་དང་ཇ་སོགས་སུ་མར་འཕངས་ཤིང་དེའི་སྟེང་ཆུར་བ་དང་རྩམ་པ་བཏབ་སྟེ་བརྫི་བའི་ཟས་ཤིག་སྟེ། དབུས་གཙང་སོགས་སུ་དེ་ལ་སྤགས་ཟེར་བ་དང༌། ཨ་མདོའི་ཁུལ་དུ་རྩམ་པ་ཞེས་བརྗོད་ཀྱི་ཡོད། སྤགས་སམ་རྩམ་པ་ལ་ལས་སྣོན་བྱེད་སྟངས་སྣ་ཚོགས་ཤིག་ཡོད་པ་སྟེ། དཔེར་ན། རྩམ་པའི་ནང་ཀ་ར་བསྲེས་ཏེ་བརྫི་བའི་ཀར་རྩམ་དང༌། ཞོ་དང་དར་བའི་ནང་བརྫི་བའི་སྐྱུར་རྩམ། མར་མེད་པར་བརྫི་བའི་སྐྱ་རྩམ་བཅས་བཟོས་ནས་བཟའ་བ་དང༌། གཞན་ཙོང་སྒོག་དང་བསིལ་ཕན་སོགས་དང་སྡེབ་ནས་ཀྱང་བཟའ་སྲོལ་ཡོད།
ཞུན་ནི། མར་བཞུས་པའི་ནང་རྩམ་པ་དང༌། ཀ་ར་ཕྱེ་མ། ཆུར་བ་སོགས་བླུགས་ཏེ། སྡེར་མ་དང་དཀར་ཡོལ་སོགས་སྣོད་ནང་བླུགས་ནས་སྐགས་བཅུག་པའི་ཟས་རིགས་ཤིག་ཡིན་ཞིང༌། ཞུན་ནི་དུས་རྒྱུན་སྤྱོད་པའི་ཁ་ཟས་ཤིག་མིན་པར་ལོ་གསར་དང༌། གཉེན་སྟོན་སོགས་ཀྱི་མཛད་སྒོའི་སྐབས་སྤྱོད་པའི་ཟས་རིགས་དམིགས་བསལ་བ་ཞིག་ཡིན་ལ། ཨ་མདོའི་ཡུལ་དུ་ཞུན་གྱི་ཐོག་གསེར་ཁ་ཞེས་མར་བཞུས་ཏེ་སྲབ་ཙམ་བླུགས་ཤིང༌། དེའི་སྟེང་ཤིང་ཏོག་དང་བྱི་རིལ་སོགས་ཀྱི་ཕྲ་རྒྱན་མཛེས་པར་བཀོད་དེ་བཟོ་སྲོལ་ཡོད༌། གཞན་ཞུན་ལ་གྲོ་མ་འཐག་སྟེ་བླུགས་པའི་གྲོ་ཞུན་དང༌། གྲོ་ཕྱེ་ཡིས་བླུགས་པའི་ཕྱེ་ཞུན་བཅས་ཀྱང་ཡོད་ལ། ཞུན་ནི་ལོ་གསར་སྐབས་ཀྱི་ཟས་སྣ་ལེགས་ཤོས་ཤིག་ཡིན་པ་མ་ཟད། སྐུ་མགྲོན་ལ་འབུལ་བའི་ལག་སྐྱེས་གལ་ཆེན་ཞིག་ཀྱང་ཡིན་ནོ།།
སྐྱོ་མ་ནི། རྩམ་པས་བཟོས་པའི་བཏུང་བྱའི་རིགས་ཤིག་སྟེ། རྩམ་སྐྱ་དང་ཆུར་བ་༼ཁག་ཅིག་གིས་མར་ཉུང་ཙམ་འཕེན་སྲོལ་ཡོད་༽བསྲེས་སྦྱོར་བྱས་པའི་ནང་ཇ་བླུགས་རྗེས་དཀྲུགས་ཏེ་འཐུང་བའི་གཤེར་ཁུ་ལ་ཟེར་གྱི་ཡོད། དེར་མིང་འདོགས་སྟངས་མི་འདྲ་བ་འགའ་ཡོད་པ་སྟེ། ཡུལ་ལུང་ལ་ལ་ནས་ཕྱེ་ཁུ་ཟེར་བ་དང༌། ལ་ལ་ནས་སྤྲུགས་ཀ་དང་ཇ་འདུར་སོགས་ཟེར་གྱི་ཡོད།
ཟན་ཆང་ནི། རྩམ་པའམ་སྤགས་ལ་ཆང་རྩི་བསྲེས་ནས་བསྙལ་བའི་རྗེས་སུ་དབྱིབས་བཟོ་ནར་མོ་དང་སྒོར་ལེབ་སོགས་བཟོས་ཏེ་སྐམ་དུ་བཅུག་པའི་ཟས་ཤིག་ལ་ཟེར་ཞིང༌། དེ་ནི་མངར་སྐྱུར་གྱི་བྲོ་བ་ལྡན་པའི་ཟས་རིགས་ཞིམ་པོ་ཞིག་སྟེ། ལྟོགས་སྐོམ་གཉིས་ཀྱི་གདུང་བ་སེལ་ཐུབ་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན། ཟས་རིགས་དེ་ནི་གཙོ་ཆེ་བ་དབུས་གཙང་ས་ཁུལ་དུ་སྤྱོད་ཁྱབ་ཆེ་བ་ཞིག་ཡིན།
རྩམ་ཐུག་ནི། སྔོ་ཚད་སོགས་གཏུབ་སྟེ་ཆུའི་ནང་བཙོས་རྗེས་ནང་དུ་རྩམ་པ་བླུགས་ཤིང་བསྐོལ་ནས་བཏུང་བའི་ཟས་རིགས་ཤིག་སྟེ། ཟས་རིགས་དེ་ནི་བོད་ཡུལ་སྤྱི་ཁྱབ་ཏུ་སྤྱོད་སྲོལ་མེད་པར། མདོ་སྨད་ཀྱི་ས་ཁུལ་འགའ་དང་གཙང་ཁུལ་གྱི་ས་ཆ་འགར་བཀོལ་སྤྱོད་བྱེད་ཀྱིན་ཡོད་ལ། དེར་རྩམ་ཐུག་ཅེས་བརྗོད་ཀྱི་ཡོད།
མར་ཟན་ནི། སྤགས་ལེབ་མོར་གླེབ་པ་གཉིས་ཀྱི་བར་དུ་མར་དང༌། བུ་རམ་སོགས་བཅུག་སྟེ་ཁ་སྤྲོད་དུ་ལེབ་མོར་བྱས་ཏེ་སྐམ་བཅུག་པའི་ཟས་རིགས་ཤིག་ལ་ཟེར་ཞིང༌། དེ་ནི་ལས་དོན་སོགས་ཀྱི་ཆེད་ཕྱི་རོལ་རྒྱང་ཐག་རིང་དུ་བསྐྱོད་པའི་ལམ་རྒྱགས་སུ་འཁྱེར་བར་སྟབས་བདེ་བོ་ཞིག་ཡིན་ལ། ཟས་རིགས་དེ་གཙོ་ཆེར་དབུས་གཙང་ཁུལ་དུ་བཀོལ་སྤྱོད་བྱེད་སྲོལ་ཡོད།
ཕྱེ་མར་ནི། ཇ་སོགས་ཀྱི་བརྫི་ཁུ་མེད་པར་མར་དང་རྩམ་པ་གཉིས་མཉམ་བསྲེས་ཀྱིས་བརྫི་བའི་ཟས་རིགས་ཤིག་ལ་ཟེར་ཞིང༌། ཕྱེ་མར་གྱི་ནང་ཀ་ར་བླུགས་ཡོད་མེད་གཉིས་ཀ་ཡོད། དེ་ཡང་ལམ་ཐག་རིང་པོར་འགྲོ་དུས་ལམ་རྒྱགས་སུ་འཁྱེར་བ་ཡིན་ན་རུལ་སྐྱོན་སོགས་མི་ཤོར་བར་སྤྱོད་སྒོ་ཆེ་བའི་ཟས་རིགས་ཤིག་ཡིན།
མར་ཁུ་ནི། མར་བཞུས་རྗེས་ནང་དུ་རྩམ་པ་བླུགས་ཏེ་དཀྲུགས་ནས་གཤེར་ཁུའི་ཚུལ་དུ་བཟའ་བཏུང་བྱེད་པའི་ཟས་རིགས་ཤིག་ལ་ཟེར། དེ་ནི་དུས་རྒྱུན་བཀོལ་སྤྱོད་མི་བྱེད་པར་ཆོས་ལུགས་དང་འབྲེལ་བའི་དུས་ཆེན་སོགས་ཀྱི་སྐབས་ཐོག་ས་ཁུལ་ལ་ལར་སྤྱོད་སྲོལ་ཡོད། མདོ་སྨད་ཕྱོགས་ཀྱི་ས་ཆ་འགར་ས་ག་ཟླ་བའི་སྨྱུང་གནས་སྐབས་སུ་ལོ་དེའི་སྨྱུང་གནས་སྦྱིན་བདག་རྣམས་ཀྱིས་ལོ་རྗེས་མའི་སྦྱིན་བདག་རྣམས་བོས་ཏེ། གཞུང་གི་རྒྱུ་དངོས་རྩིས་སྤྲོད་ཀྱིས་མགྲོན་བསུ་བྱེད་སྐབས་ནན་གྱིས་མར་ཁུ་ལྡུད་པའི་ལུགས་སྲོལ་ཞིག་དར་ཡོད།

Advertisements

༢ བོད་ཟས་རྩམ་པའི་རྣམ་དབྱེ།

༢ བོད་ཟས་རྩམ་པའི་རྣམ་དབྱེ།


སྤྱིའི་ཆ་ནས་བརྗོད་ན་རྩམ་པ་ནི་ནས་བརྔོས་མ་ཞིབ་ཏུ་འཐག་པའི་རྩམ་སྐྱ་དང་། དེ་མར་ཆུར་དང་བསྡེབས་ནས་བརྫིས་ཏེ་བཟའ་བའི་ཟས་དེ་ལ་ཟེར་གྱི་ཡོད་མོད། འོན་ཀྱང་རྩམ་པའི་རྒྱུ་ནི་ནས་གཅིག་པུར་མ་ངེས་པར་གྲོ་དང་སྲན་མ་བཅས་ཡོད་པས། ངོ་བོའི་སྒོ་ནས་ནས་རྩམ་དང༌། གྲོ་རྩམ། སྲན་རྩམ་གསུམ་དུ་དབྱེ་ཆོག གཞན་ལས་བཟོའི་ཆ་ནས་དྲུས་བརྒྱབ་ནས་ཞིབ་ཏུ་འཐག་པའི་ནས་རྩམ་ལ་རྩམ་ཞིབ་དང༌། སྲན་མའི་པགས་ཤུན་ཕུད་དེ་ཞིབ་ཚགས་སུ་འཐག་པའི་སྲན་རྩམ་ལ་སྲན་ཞིབ། དེ་མིན་ནས་དང་སྲན་མ་གཉིས་འདྲེས་མར་འཐག་པའི་རྩམ་པ་ལ་སྲན་སྤེན་ཞེས་ཟེར་གྱི་ཡོད།
༣ བོད་ཟས་རྩམ་པ་ལས་སྣོན་བྱེད་སྟངས།
བོད་ཟས་རྩམ་པ་ཐོག་མར་ལས་སྣོན་བྱེད་སྐབས་ནས་སྲན་སོགས་རྩམ་པའི་རྒྱུ་རྣམས་རློན་འཐག་གིས་བཟོ་བ་ཞིག་མ་ཡིན་པར། ངེས་པར་དུ་ནས་སྲན་སོགས་གཙང་སེལ་བྱས་ཏེ་བརྔོས་རྗེས་འཐག་དགོས་པ་ཡིན། ནས་བརྔོས་ཟིན་པ་དེ་ལ་ཡས་ཟེར་གྱི་ཡོད། ནས་སོགས་བརྔོ་སྟངས་ནི་སླ་ངའི་ནང་བྱེ་མ་བླུགས་ཏེ་ཐབ་ཀྱི་མེ་འབར་ཤུགས་ཆེ་ཆུང་རན་ཙམ་དང་བསྟུན་ནས་བརྔོ་བ་དང༌། ཡང་ཡུལ་དུས་སོགས་ཀྱི་དབང་གིས་ས་ཆ་ལ་ལར་བྱེ་མ་མེད་པར་སླ་ངའི་ནང་ཐད་ཀར་བརྔོ་སྲོལ་ཡང་ཡོད་པས། དེ་ནི་བྱེ་མའི་ནང་བརྔོས་པ་བཞིན་གྱི་བརྔོ་ཐག་ཆོད་པ་ཞིག་མི་ཡོང་སྟབས་རྩམ་པ་དེ་འདྲའི་ཞིམ་པོ་ཞིག་མིན།
རྩམ་པ་འཐག་སྤྱོད་ཀྱི་ཡོ་ཆས་བོད་ཡུལ་དུ་དར་སྲོལ་སྔ་བ་ནི་རྒྱུ་རྡོ་བ་ལས་གྲུབ་པའི་ཡས་གཏུན་དང་མས་གཏུན་གཉིས་༼འདི་ལ་ལྷ་ས་བས་རང་འཐག་དང་ཨ་མདོའི་ས་ཆ་འགར་ལག་བསྐོར་ཟེར༽བཀོལ་སྤྱོད་ཀྱིས་ལག་པས་བསྐོར་ཏེ་འཐག་སྲོལ་ཡོད་པ་དེ་ལ་ལག་འཐག་ཟེར་བ་དང༌། རིམ་བཞིན་ཆུ་ཡིས་བསྐོར་ཏེ་འཐག་སྲོལ་ཞིག་ཀྱང་བྱུང་བ་དེ་ལ་ཆུ་འཐག་ཟེར་གྱི་ཡོད། དེང་སྐབས་ཚན་རིག་དར་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་རྩམ་པ་འཐག་པའི་འཕྲུལ་ཆས་བྱུང་སྟེ་བོད་མི་རྣམས་དེ་ལ་ཕྱོགས་བཞིན་ཡོད་ནའང༌། མང་ཚོགས་ཀྱི་ཤོད་སྲོལ་ལ་འཕྲུལ་ཆས་སམ་གློག་གིས་འཐག་པའི་རྩམ་པ་དེ་བོད་རང་གི་ལག་ཤེས་ཀྱི་རྒྱུན་དང་ལྡན་པའི་སྔར་གྱི་ལག་འཐག་དང་ཆུ་འཐག་བྱས་པའི་རྩམ་པ་དང་བསྡུར་ན་བྲོ་བ་ཞིམ་པོ་མིན་པར་བརྗོད་ཀྱིན་ཡོད་པ་དོན་དངོས་ཡིན་ནའང༌། ངལ་རྩོལ་གྱི་ལས་ཚེགས་ལ་གཞིགས་ཏེ་ཕལ་ཆེ་བ་འཕྲུལ་ཆས་ཀྱིས་འཐག་པར་རང་འགུལ་ངང་གིས་་ཞུགས་ཏེ། དེང་སྐབས་ས་ཆ་རེ་འགའ་ན་མ་གཏོགས་བོད་རང་གི་གནའ་སྲོལ་ལག་འཐག་དང་ཆུ་འཐག་བྱེད་སྲོལ་དེ་རིམ་བཞིན་ཉམས་ཏེ་མེད་པ་ཆགས་བཞིན་ཡོད།

རྩེ་སྐར་ཟིན་བྲིས་ལས་བཤུས་།

༡ བོད་དུ་རྩམ་པ་བྱུང་དུས།

༡ བོད་དུ་རྩམ་པ་བྱུང་དུས།

བོད་ཀྱི་སྤྱི་ཚོགས་ཁྲོད་ཡོངས་ཁྱབ་ཀྱིས་སྤྱོད་ཁྱབ་ཆེ་བའི་ཟས་རིགས་རྩམ་པ་ནི་བོད་མི་ཡོད་དོ་ཅོག་གི་བཟའ་བྱ་གཙོ་བོ་ཞིག་ཡིན་པ་ནི། ངག་རྒྱུན་དུའང་བོད་མི་རྩམ་གཟན་ཞེས་འབོད་སྲོལ་ཡོད་པ་ལས་རྟོགས་ཐུབ། བོད་ཟས་གཙོ་བོ་རྩམ་པ་དུས་ནམ་ཞིག་ནས་བྱུང་བར་ངོས་འཛིན་གཏན་འཁེལ་བྱེད་མི་ཐུབ་ནའང༌། ང་ཚོས་བོད་མིའི་བྱུང་རབས་ལོ་རྒྱུས་དང་ཤེས་རིག་དར་འཕེལ་ལ་ཕྱིར་བལྟས་ཤིག་བྱས་པ་ཡིན་ན་བོད་ཟས་རྩམ་པ་དེ་བྱུང་བའི་དུས་སྐབས་ཙམ་ཚོད་དཔག་བྱ་ཐུབ། དེ་ལ་བོད་དུ་འགྲོ་བ་མི་བྱུང་ཚུལ་གྱི་ལྷ་སྒྲུང་དེ་རྟོག་བཟོའི་རྣམ་པ་ཞིག་ཡིན་ནའང༌། དེ་ལས་འཕགས་པ་སྤྱན་རས་གཟིགས་ཀྱིས་གྲོ་དང༌། ནས། སྲན་མ། བྲ་བོ། སོ་བ་བཅས་རི་རབ་ཀྱི་ཁོང་གསེང་གཏོར་བ་ལས་མ་རྨོས་ལོ་ཏོག་ཟས་སུ་སྤྱད་པའི་སྐལ་བ་བྱུང་བར་བཤད་པའི་འགྲོས་ལ་དཔག་ན། བོད་དུ་ཆེས་སྔ་བའི་ཟས་རིགས་ནི་གྲོ་ནས་སྲན་མ་སོགས་ལོངས་སུ་སྤྱོད་པ་དེ་ཡིན་པ་གསལ་པོར་ཤེས་རྟོགས་ཐུབ་མོད། འོན་ཀྱང་གྲོ་ནས་སྲན་གསུམ་ལས་སྣོན་ཞིབ་འཐག་གིས་རྩམ་པ་བཟའ་བའི་སྲོལ་སྐབས་དེ་ཙམ་ནས་བྱུང་མེད་པར་མངོན།
རིམ་པས་དུས་རབས་ངེས་ཅན་ཞིག་བརྒྱུད་མྱོང་གིས་འཚོ་བའི་ངལ་རྩོལ་གྱི་རྒྱུན་དང་བསྟུན་མི་རྣམས་ཀྱི་བློ་རིག་ཇེ་གསལ་དང་གོང་འཕེལ་དུ་སོང་ཞིང༌། ཤེས་རིག་ལག་ཤེས་དར་སྤེལ་གྱིས་རང་བྱུང་ཁམས་ལས་བྱུང་བའི་ཐོན་རྫས་རིགས་སྣ་ཚོགས་བཀོལ་སྤྱོད་ཤེས་ཤིང༌། ཞིང་ལས་ཐོན་སྐྱེད་སྤེལ་ཏེ་ཞིང་ཁ་རྨོ་འདེབས་ཤེས་པ་ནས་བོད་མི་རིགས་ཀྱིས་གྲོ་ནས་སྲན་གསུམ་ལས་སྣོན་ཞིབ་འཐག་གིས་རྩམ་པ་བཟའ་བའི་སྲོལ་དེ་བྱུང་བ་ཞིག་ཡིན་པར་སྙམ། དེ་ནི་ལོ་དུས་གཏན་ཐག་ཆོད་པ་ཞིག་ངོས་འཛིན་བྱེད་དཀའ་ན་ཡང༌། བོད་མིས་རང་བྱུང་ཐོན་རྫས་སྣ་ཚོགས་ལས་སྣོན་བེད་སྤྱོད་བྱེད་ཐུབ་པ་དང༌། ཐང་ཐམས་ཅད་ཞིང་དུ་བསྒྱུར་ནས་ཞིང་ལས་ངལ་རྩོལ་གྱི་ལས་དེ་བོད་རྒྱལ་ཐོག་མ་གཉན་ཁྲི་བཙན་པོའི་གོང་རོལ་ནས་བྱུང་ཡོད་པ་ལོ་རྒྱུས་སུ་གསལ་བཤད་བྱས་ཡོད་པས་ན། བོད་མིའི་ཟས་ཀྱི་གཙོ་བོ་རྩམ་པ་བཟའ་བའི་སྲོལ་དུས་སྐབས་དེ་ཙམ་ཞིག་ཏུ་བྱུང་ཡོད་པར་ངོས་འཛིན་བྱས་ཆོག་པ་དང༌། གཉའ་ཁྲི་བཙན་པོ་ནི་ཕྱི་ལོ་སྔོན་གྱི་དུས་རབས་ལྔ་དྲུག་ཙམ་གྱི་ནང་དུ་བྱུང་བ་ཡོངས་གྲགས་ལྟ་བུ་ཡིན་པ་དེ་བཞིན་རགས་རྩིས་བྱས་ན། བོད་ཟས་རྩམ་པ་ནི་ད་ནས་རྩིས་པའི་ལོ་ངོ་སྟོང་ཕྲག་གསུམ་ཙམ་གྱི་ཡར་སྔོན་ནས་བྱུང་ཡོད་པར་ཚོད་དཔག་བྱས་ཆོག།

རྩེ་སྐར་ཟིན་བྲིས་ལས་བཤུས་།

རྩམ་པ་།

རྩམ་པ་།

སྤྱིར་བོད་མི་རིགས་འདི་ཇི་ལྟར་འཚོ་གནས་འཕེལ་རྒྱས་བྱུང་བའི་ངག་རྒྱུན་ལོ་རྒྱུས་ཤིག་སྤྱི་མཚུངས་ཀྱི་ཚུལ་དུ་ཡོད་པ་དེ་ལྟར་ན། གོས་སུ་ཤིང་ལོ་གྱོན་ཞིང་ཟས་སུ་ཤིང་ཏོག་ཟ་བའི་བརྒྱུད་རིམ་ཞིག་ཡོད་པའི་བརྗོད་བབ་ལས། ཟས་རིགས་རོལ་སྤྱོད་ཀྱི་ཐོག་མ་ནི་མ་རྨོས་ལོ་ཏོག་ཡིན་པའི་ཤོད་སྲོལ་དེས་བོད་མི་རིགས་ཀྱི་འཚོ་བའི་ཟས་རིགས་ཀྱི་གཙོ་བོའམ་ཐོག་མ་ནི་གང་ཡིན་པ་གསལ་སྟོན་བྱས་ཡོད་པ་དེ་མཚུངས། ང་ཚོས་ཤེས་ཐུབ་པ་ནི་འབྲུ་རིགས་སྣ་ལྔ་ནི་བོད་མིའི་ཟས་སུ་ལོངས་སྤྱོད་བྱེད་པའི་ཟས་རིགས་གལ་ཆེ་བ་ཞིག་ཡིན་པ་ངང་གིས་རྟོགས་ཐུབ་ལ། དེང་ནའང་མ་ཉམས་རོལ་མྱོང་བྱས་དང་བྱེད་བཞིན་པའི་བོད་མིའི་ཟས་ཀྱི་གཙོ་བོ་རྩམ་པ་དང༌། གྲོ་ཞིབ། འབྲས། སྲན་མ་བཅས་བོད་ཁམས་ཡོངས་སུ་སྤྱོད་སྒོ་ཆེ་བའི་ཚུལ་དུ་གྱུར་ནས་ཡོད།

རྩེ་སྐར་ཟིན་བྲིས་ལས་བཤུས་།

སྦྲང་དཀར་རྩམ་པ།


ལེགས་བྱས་བསོད་ནམས་གསར་བའི་ལྟོ་བ་ལས།།
ནས་འབྲུ་སྔོན་མོའི་ཟླ་གཞོན་ཡོངས་འཛུམ་པས།།
གངས་རིའི་འཇོ་སྒེག་ངོམ་པའི་མར་ལོ་ཉིད།།
འཛུམ་གྱི་པད་ཚལ་ངོགས་ན་བཟི་ཞིང་འཁྱོར།།

སྐབས་གསུམ་ལྷ་ཡི་མཛོད་དུ་མ་མཆིས་ལ།།
ཀླུ་དབང་རྒྱལ་པོའི་མིག་གིས་མ་མཐོང་བའི།།
ཟས་ཀྱི་མཆོག་གྱུར་སྦྲང་དཀར་རྩམ་པ་ནི།།
གདོང་དམར་བོད་པའི་སེམས་ན་འོད་དུ་འཚེར།།

རི་བོ་མ་ལ་ཡ་ཡི་དྲི་བསུང་དེ།།
འཇིག་རྟེན་བྱེད་པོས་འཕྲུལ་གྱིས་བསུས་བ་ལྟར།།
སྦྲང་དཀར་རྩམ་པའི་དྲི་མ་ཞིམ་པོ་དེ།།
སྐྱེ་དགུའི་ཡིད་དབང་གསོ་བའི་བཅུད་དུ་སྨིན།།

ན་ཆུང་བྱིས་པའི་རྣམ་དཔྱོད་གློག་ལྟར་མྱུར།།
སྨན་ཆུང་བུ་མོའི་ལང་ཚོ་ལྟ་ན་སྡུག།
སྟག་ཤར་གཞོན་ནུའི་དཔའ་རྩལ་ངོམ་པ་ཡང་།།
ཞིབ་ཏུ་བསམ་ན་སྦྲང་དཀར་རྩམ་པའི་དྲིན།།

རྒན་པའི་ལུས་ཟུངས་གསོ་བའི་སྨན་གྱི་མཆོག།
ལྷ་ལ་འཕྲིན་ལས་བཅོལ་དུས་ནོར་གྱི་ཕུལ།།
མི་མཐུན་ནད་ལས་གྲོལ་བའི་གཉེན་པོ་སྟེ།།
སྦྲང་དཀར་རྩམ་པའི་གཟི་བྱིན་བླ་ན་མཐོ།།

ཚན་རྩལ་ཤེས་བྱའི་དབུ་འཕང་མཐོ་ན་ཡང་།།
དུས་ཀྱི་འགྱུར་བག་ཇི་འདྲ་རྒོད་ན་ཡང་།།
སྦྲང་དཀར་རྩམ་པ་ལྟ་བུའི་ཟས་མཆོག་ཅིག།
སྟོང་གསུམ་འཇིག་རྟེན་གང་དུའང་ཡོད་མ་ཡིན།།

དེ་ལྟའི་རང་གི་སེམས་ཀྱི་དྲན་ཚུལ་ཙམ།།
སྙན་པའི་ངག་ལ་བརྒྱུས་ཏེ་བསྲིངས་བ་ན།།
སྦྲང་དཀར་རྩམ་པའི་བཅུད་ལ་སིམ་པ་ལྟར།།
སྙིང་གི་གྲོགས་རྣམས་རྒྱས་པའི་གསོས་སུ་སྨོན།།

དཔའ་བེའུ་ཟིན་བྲིས་ལས་བཤུས།

༄༅།། གངས་རིའི་མགོན་པོ་དང་གངས་ཅན་པ།། དྲི་འཇམ་ནས​།


༄༅།། གངས་རིའི་མགོན་པོ་དང་གངས་ཅན་པ།། དྲི་འཇམ་ནས​།

༄༅།།རྣོན་པོའི་རྣམ་དཔྱོད་མདོ་རྒྱུད་ཉིང་ཁུས་ཚིམས།།
སྙོམས་པོའི་བྱམས་བརྩེས་འགྲོ་ཀུན་བདག་གིར་བཞེས།།
ཞི་བའི་ལམ་སྟོན་སྲིད་པའི་མིག་གཅིག་པུ།།
ངེས་དོན་བླ་མ་གངས་རིའི་མགོན་དེས་སྐྱོངས།།

༡ རྗེ་འབངས་ཀྱི་འབྲེལ་བ་གསེར་ནག་གི་མདུད་པ།

གངས་རི་ཤེལ་གྱི་མེ་ཏོག་གིས་ཁོར་ཡུག་མཛེས་པར་བརྒྱན་པའི་རང་ཅག་ཁ་བའི་ཡུལ་གྱི་སྣོད་བཅུད་དར་རྒུད་དམ་ཆགས་འཇིག་གནས་གསུམ་གྱི་བྱུང་བ་གང་ཡིན་ན་ཡང་རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚོན་སྣ་མང་པོ་ཞིག་གིས་གྲུབ་པའི་རི་མོ་ཡིན་པ་ལས་སྣ་གཅིག་རྐྱང་བས་འབུར་དོད་དུ་བྱུང་བ་ཞིག་ག་ལ་ཡིན། ལར་ནས་ཕྱི་སྣོད་ཀྱི་བཀོད་པའི་གྲུབ་ཆའི་རྡུལ་ཕྲན་རེ་རེའི་སྒྲིག་རིམ་མི་འདྲ་བ་དང་། ནང་བཅུད་ཀྱི་སེམས་ཅན་རེ་རེའི་ལུས་ཕུང་གི་བཟོ་དབྱིབས་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་འདི་ལ་རང་རང་གི་ཐུང་མོང་མ་ཡིན་པའི་རྒྱུ་རྐྱེན་བྱེ་བྲག་པ་ཞིག་གི་ཤུགས་རྐྱེན་ངེས་པར་ཚང་དགོས་ལ། དེ་ཡང་དཔེར་ན་དེང་དུས་ཀྱི་རྫས་རྡུལ་སྒྲིག་སྦྱོར་སྣ་ཚོགས་ལས་གྲུབ་པའི་འཕྲུལ་རིགས་ཁག་གང་ལ་ཡང་རང་རང་གི་བཟོ་བསྐྲུན་པ་དག་གི་སེམས་པའི་ཤུགས་རྐྱེན་ངེས་པར་དུ་སྔོན་དུ་སོང་བ་ལ་ལྟོས་དགོས་པ་དང་ཆེས་འདྲའོ།། དེ་བས་ན་རང་ཅག་ཁ་བ་རི་བའི་སྣོད་བཅུད་དང་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་དམ་ཡང་ན་རྒྱལ་དབང་ན་རིམ་བར་གྱི་འབྲེལ་བ་ཡང་གཞི་དངོས་པོའི་གནས་ཚུལ་ལ་ཧ་ཅང་དམ་དུ་སྦྲེལ་བ་ཞིག་ལས་རྟོག་བཟོའི་ལྷ་སྒྲུང་ལྟ་བུར་མ་སེམས་ཤིག ཁྱད་པར་དུ་རྒྱལ་དབང་བཅུ་བཞི་བ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ནི། དང་བོ་ངོས་འཛིན་ཡང་དབུས་གཙང་ནས་ཁད་རིང་བ་ཟླ་ཤས་ཀྱིས་འགྲུལ་བཞུད་བྱེད་དགོས་པའི་ཡུལ་མདོ་ཁམས་སྨད་ཀྱི་ཨ་མདོའི་ཁྱེའུ་ཞིག་རྒྱལ་བའི་ཁྲི་ཁར་འཁོད་ཐུབ་པ་འདི་ཡང་ལྷ་མོའི་བླ་མཚོའི་མཚོ་གཟིགས་སོགས་ཡ་མཚན་པའི་བྱུང་རབས་ཁག་ཅིག་གིས་གྲུབ་ཡོད་ལ། རིམ་གྱིས་ནར་སོན་པའི་བརྒྱུད་རིམ་ལས་ཀྱང་སྐུ་ཕྲེང་གོང་མ་དག་དང་མི་མཚུངས་པར་དགུང་ལོ་བཅུ་དྲུག་ཙམ་ནས་ཆོས་སྲིད་ཀྱི་འགན་དབང་ལྕི་མོ་ཕྲག་ཏུ་བཞེས་དགོས་བྱུང་ཞིང་། བོད་མིའི་སེམས་གཏིང་གི་བདེ་སྡུག་ཞུ་སའི་བླ་མ་དང་སྐྱིད་སྡུག་བཅོལ་སའི་དཔོན་པོ་ཁོང་གཅིག་པུར་གྱུར་པ་དེ་ནས་བཟུང་། དྲང་བདེན་ནམ་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ནས་ལྟ་སྤྱོད་ངོ་ལྐོག་མཚུངས་ཤིང་། ལག་ལེན་རྙིང་ཞེན་དང་ཨ་གསར་མེད་པར་གསར་རྙིང་གི་བཅུད་བསྡུ་མཁས་པའི་སྒོ་ནས་བོད་ཀྱི་སྤྱི་ཚོགས་ཀྱི་སྒྲོམ་གཞི་ཟུངས་ཟད་ཀྱི་ནད་པ་ལྟ་བུ་དེ་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་པའི་ལས་ཁུངས་བོད་ཀྱི་ལེགས་བཅོས་ལྷན་ཚོགས་ཟེར་བ་(༡༩༥༢)གསར་འཛུགས་གནང་སྟེ། ཁྲིམས་དོན་བསྐྱར་ཞིབ་དང་། བོད་ས་ཡོངས་ལ་འབྲེལ་མཐུད་ཆེད་འགྲུལ་བཞུད་འཁོར་ལམ་བཟོ་བ། ཤེས་ཡོན་གྱི་བསྟི་གནས་དགོན་པ་ལས་མེད་པས་སློབ་སྦྱོང་གི་ལས་རིམ་གསར་བཟོ་སོགས་གནད་འགག་ཆེ་བའི་འཆར་གཞི་ཁག་བཟོ་བ་དང་། དངོས་སུ་ལག་བསྟར་གནང་བ་མི་རྒྱུད་ལ་འཇགས་པའི་བུ་ལོན་སྤྲོད་ལེན་བྱ་སྲོལ་རྩ་མེད་དང་། སྐྱིན་པ་སྤྲོད་མ་ཐུབ་པའི་དངུལ་བུན་ཆག་ཡང་བཏང་བ། ས་ཞིང་དབང་སྲོལ་ལ་བསྐྱར་བཅོས་སོགས་གནང་སྟེ། བོད་འདི་བརྒྱ་ཕྲག་ཉི་ཤུའི་དུས་རབས་ཀྱི་རྗེས་ཟིན་པ་ཞིག་བཟོ་རྒྱུའི་འབད་བརྩོན་གང་ནུས་བྱ་རྒྱུའི་ཐུགས་ཐག་དེ་དུས་ནས་བཅད་འདུག ༡༩༥༩ ལོར་ཟིང་འཁྲུགས་ཀྱི་མེ་ལྕེ་འབར་ཆོག་ཆོག་གི་རྒྱུ་རྐྱེན་ཡོངས་སུ་ཚང་བའི་སྐབས་སུ་ཡང་ཁོང་གི་སྒོ་གསུམ་གྱི་ཉམས་ལེན་དང་བོད་མིའི་བདེ་སྡུག་ལ་སེམས་པའི་ཐུགས་ཁུར་ཉམས་པ་མེད་པ་ནི། གསུང་ལས། བོད་མི་ས་ཡ་དྲུག་གི་བདེ་ཐབས་འགན་ཁུར་རང་ཐོག་ལ་ཡོད་པའི་དྲན་ཤེས་དེ་དང་ངའི་ཡིད་ཆེས་ཀྱིས་རང་གི་བྱ་སྒོ་རྒྱུན་སྐྱོང་བྱེད་པར་ཕན་སོང་། ཞེས་པ་དེས་གསལ་ལ། ཡང་རྒྱ་གཞུང་གི་དམག་སྤྱི་ཁང་དུ་ཟློས་གར་གྱི་ལྟད་མོ་ལ་སྐུ་སྲུང་མེད་པར་ཕེབས་དགོས་ཀྱི་མགྲོན་འབོད་དེའི་སྐོར་གསུང་དོན། ངའི་འགྲུལ་བཞུད་སྐོར་གསང་ཐབས་རྩ་བ་ནས་མེད་ངེས་ཡིན་པར་མ་ཟད། རྒྱ་དམར་གྱིས་དེ་འདྲ་བྱ་འདོད་ཡོད་པ་དེས་ངའི་ཡུལ་མི་ཚང་མར་དངངས་སྐྲག་ཆེན་པོ་བཟོས་པ་དང་། ངའི་སྲོག་ལ་ཉེན་ཁ་ཡོང་དོགས་ཀྱི་དངངས་སྣང་ཆེན་པོ་བྱུང་ཡོད་པ་རེད། ཞེས་དང་། ནོར་བུ་གླིང་ཀའི་རྒྱལ་སྒོའི་ཕྱི་ལ་འཛོམས་པའི་མི་ཚོགས་ཚོས་ཕྱིར་འཐེན་མི་བྱེད་པའི་བློ་ཐག་གཙང་གཅོད་བྱས་ཡོད་ཚོད་འདུག ངས་དེའི་དགོང་མོ་རྒྱ་དམར་གྱི་དམག་སྒར་ལ་འགྲོ་གི་མིན་ཞེས་ངོས་རང་གིས་ཁས་ལེན་མ་བྱས་བར་དུ་མི་ཚོགས་ཚོས་རང་སར་མི་ལོག་ཐག་ཆོད་རེད། རྒྱ་ཕྱོགས་ནས་ངའི་སྲོག་ལ་ཉེན་ཁ་ཡོད་པའི་སྐོར་བོད་ཀྱི་མི་དམངས་དང་འགོ་ཁྲིད་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་འདུག ཅེས་གསལ་བ་ལྟར་བོད་མིས་རང་གི་གཅེས་པའི་སྲོག་ལས་ཀྱང་རྒྱལ་བའི་སྐུ་དོན་རྩ་ཆེ་བའི་འདུ་ཤེས་འཛིན་སྟངས་འདི་འདྲ་ཞིག་རང་ཆས་སུ་ཡོད་པ་ཡང་བོད་ཀྱི་རྗེ་འབངས་བར་གྱི་འབྲེལ་བ་དམིགས་བསལ་བ་ཞིག་ཅིས་མ་ཡིན། ཡང་ཁོང་གིས་ ༡༩༩༢ ལོར་རྩ་ཁྲིམས་སྙིང་དོན་ཟེར་བར་ལྔ་དགུ་ལོའི་རྗེས་ཀྱི་གནས་བབས་གསུང་དོན། ༡༩༥༩ ལོར་བོད་མཐའ་དབུས་ཡོངས་རྫོགས་དྲག་ཤུགས་ཀྱིས་མནན་པའི་དུས་སྐབས་བོད་ཀྱི་ལོ་རྒྱུས་ནང་མ་གྲགས་པའི་དུས་འགྱུར་མི་བཟད་པ་ཞིག་བྱུང་། སྐབས་དེར་ངོས་རང་བསྟན་སྲིད་བདེ་ཐབས་སླད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མི་ཡོང་མཐུ་མེད་བྱུང་ཞིང་། དེ་འཕྲལ་གཞིས་ཆགས་དང་། ཤེས་ཡོན་སོགས་རང་དབང་སླར་གསོའི་ལས་སྒོ་མང་པོ་ཞིག་སྒྲུབ་མུས་ནས། རེ་འདོད་སྔོན་ཡོད་ལྟར་བོད་ཀྱི་ཆབ་སྲིད་ལམ་སྲོལ་མང་གཙོའི་ངོ་བོར་བསྒྱུར་ཐབས་གལ་ཆེར་བཟུང་སྟེ། ༡༩༦༠ ལོར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་གཏོད་བྱས་ཏེ་སྐབས་བཅུ་གཅིག་སོང་། ཞེས་ཀྱི་ཆབ་སྲིད་ལམ་ལུགས་དེ་མང་གཙོ་ཡང་དག་པའི་ངོ་བོར་བསྒྱུར་རྒྱུ་དེ་ཁོང་གི་ཆབ་སྲིད་ལམ་ལུགས་ཐད་ཀྱི་ཕུགས་རེ་ཉག་གཅིག་ཏུ་བཟུང་འདུག་ཅིང་། དེའི་ཆེད་དུ་སྔོན་གྱི་ལམ་སྲོལ་རྙིང་བ་ཕྱིར་བསྡུ་དང་། དེང་གི་ཆབ་སྲིད་པ་ཕལ་མོ་ཆེའི་འདོད་བྱ་དང་བསྒྲུབ་བྱ་མཐར་ཐུག་རང་གི་སྤྱི་ཚོགས་ཀྱི་གོ་གནས་མཐོ་ཤོས་ཀྱི་གནས་བབས་དེ་ཁོང་ལ་རང་ཆས་ལྟ་བུར་ཡོད་པ་དེ་ཡང་མང་གཙོའི་ལམ་སྲོལ་དང་མི་མཐུན་པར་དགོངས་ནས་དེ་དུས་ནས་འགན་དབང་དེ་མི་འཁུར་བར་ཐག་ཆོད་ན་ཡང་། དེ་དུས་ཀྱི་རྩ་ཁྲིམས་ཟིན་བྲིས་སུ་གཞུང་གི་འགན་དབང་གཙོ་བོ་ཁོང་ལ་ཡོད་པ་བཀོད་པ་ནི་དེའི་སྐབས་ཀྱི་མི་དམངས་ཀྱི་བསམ་ཚུལ་དབང་བཙན་པར་བྱས་ཏེ་གསུང་བ་ཡིན་ཞིང་། དེ་ཡང་ ༡༩༩༢ ལོའི་རྩ་ཁྲིམས་སྙིང་དོན་དུ་འདི་ལྟར། ༡༩༦༣ ལོར་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ཞིག་གསལ་བསྒྲགས་དང་འབྲེལ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་མང་གཙོའི་ལམ་སྲོལ་གང་ཐུབ་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་ཁུར་འོག་དེ་སྔའི་རྩེ་སྐོར་དང་། ཤོད་སྐོར་ཞེས་པའི་གཞུང་ཞབས་སེར་མོ་བ་དང་། སྐྱ་བོའི་ཡོང་སྟངས་ལམ་སྲོལ་དང་། གོ་མིང་རྙིང་བ་བཅས་ཕྱིར་བསྡུ་བྱས་ཐོག མང་གཙོའི་གཞུང་གི་སྒྲིག་སྲོལ་དང་མཐུན་པའི་གཞུང་ཞབས་བཀོད་སྒྲིག་ལམ་སྲོལ་གསར་གཏོད་བྱས། རྩ་ཁྲིམས་ཀྱི་ཟིན་བྲིས་དེའི་ནང་དུ་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་ཀྱི་དོན་དུ་ཏཱ་ལའི་བླ་མའི་འགན་ཁུར་ཁྲིམས་ལུགས་ལྟར་སྡེ་སྲིད་ལྷན་ཚོགས་ཀྱིས་བླངས་ཆོག་རྒྱུ་བཀོད་ཡོད། སྐབས་དེའི་མང་ཚོགས་ཀྱི་བློ་འཚམས་གནས་བབས་དང་བསྟུན་ཏེ་གཞུང་གི་འགན་དབང་གཙོ་བོ་ཏཱ་ལའི་བླ་མར་ཡོད་པ་བཀོད་པར་བརྟེན་མང་གཙོའི་ལམ་སྲོལ་ངོས་ཀྱི་རེ་འདོད་ཡོངས་སུ་ཁེངས་པ་ཞིག་བྱུང་མེད། ཅེས་དང་། ཡང་དེ་ཉིད་ལས། མ་འོངས་པར་ངོས་ནས་བོད་གཞུང་གི་འགན་ཁུར་དང་། ལམ་ལུགས་རྗེས་འབྲེལ་ཆབ་སྲིད་ཀྱི་གོ་གནས་གང་ཡང་ལེན་རྒྱུ་མིན་པ་སྔོན་ནས་ཐག་བཅད་ཟིན་པ་ཡིན། ཞེས་དང་། ཡང་ ༨༨ ལོར་ཡོ་རོབ་གྲོས་ཚོགས་ལ་གནང་བའི་གསུང་འཕྲིན་དུ། ངོས་ནས་བོད་གཞུང་གི་ནང་དུ་འགན་ཁུར་རྐང་ལེན་གྱི་ལས་གནས་གང་ཡང་འཛིན་འདོད་མེད། འོན་ཀྱང་ངོས་ནས་བོད་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་དགོས་པ་ནམ་བྱུང་བར་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་ཀྱིས་མུ་མཐུད་ལས་ཀ་བྱ་རྒྱུ་ཡིན། ཞེས་ཁོང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དུ་བཀུར་བ་ནས་ཁོང་གིས་ཀྱང་མ་ཎི་འདོན་མཁན་རྩམ་པ་ཟ་མཁན་གྱི་བོད་མི་ཚོའི་ཆེད་དུ་འདི་ལྟར་ཐུགས་བསྐྱེད་ཀྱི་གོ་ཆ་བགོས་ཏེ་ང་ཚོའི་མགོན་དཔུང་དམ་པར་བཞུགས་པ་འདི་ཡང་རྗེ་འབངས་ཀྱི་འབྲེལ་བ་གསེར་ནག་གི་མདུད་པ་མི་ཤིགས་གཡུང་དྲུང་གི་རི་མོ་དེ་ཅིས་མ་ཡིན། ་་མི་མཐུད་ནས་འགོད་ཀྱིན་ཡིན་་

རྩམ་པ་།


རྩམ་པ་།
ངག་དབང་རྡོ་རྗེ་།
བཙན་པོའི་རྒྱལ་ཐབས་ཀྱི་གཞི་མ།
ཡར་ཀླུང་གི་དབྱིག་འཛིན་ན།
ལུས་སེམས་ཀྱི་ནུས་སྟོབས་ཆེས་ཆེར་འཕེལ།
ས་བརྐོ་རྡོ་སློག་གི་ངལ་བའི་ཁྲོད།
ཞིང་ས་གཤིན་པོ་བ་རས་ཞིང་ཐང་ན།
གདོང་དམར་བོད་པ་ཚང་གི་རྣམ་ཤེས་ཐིམ།
དུས་དེ་ནས།
ནས་གྲོ་སྲན་མ་ལ་སོགས་པའི་སོན་རྩ།
ཡར་ཆབ་སྔོན་མོས་བརླན་པར་བྱས།
དུས་དེ་ནས། ཡར་ཀླུང་གི་གཞུང་རྒྱུད་ན།
ལོ་ཡག་གི་སྙེ་མ་ལྡེམ། ལྗང་མདོག་གི་ས་གཞིར་གྱུར།
དུས་དེ་ནས། ཡར་ཀླུང་གཞུང་རྒྱུད་ན།
རྩམ་གཟན་གདོང་དམར་བོད་པ་ཞེས་པ་གླེང་འགོ་ཚུགས།
རྩམ་པ། ངའི་ཚེ་སྲོག་གི་འབྱུང་ཁུངས་དང་ཚེ་སྲོག་གི་གཞི་རྟེན་ཉག་ཅིག
རྩམ་པ། རྩམ་གཟན་གདོང་དམར་ཚོའི་ཆེས་ཐོག་མའི་ཟས་མཆོག
རྩམ་པ། ཁ་བ་རི་པ་ཚོོའི་ཆེས་མཐའ་མའི་རྣམ་ཤེས་ཐིམ་སའི་ཟས་མཆོག
རྩམ་པ། རྩམ་པ། རྩམ་པ།
ཁྱོད་དང་འདི་ལྟར་ཁ་གྱེས་ཀྱང་།
ངའི་ཚེ་སྲོག་མི་འཇིག་པར་ད་དུང་འདི་ལྟར་འཚོ་སྐབས།
བཅོས་མའི་ཟས་རིགས་ཀྱིས་ངའི་ལང་ཚོ་འདི་ལྟར་རྒས་སྐབས།
ལྷད་མེད་པའི་སྦྲང་དཀར་རྩམ་པ་ཁྱོད་ཁོ་ན་དྲན།
ངས་སླར་ཡང་དམངས་ཁྲོད་ཀྱི་གཏམ་དཔེ་ཞིག་ཀྱང་དྲན།
ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ།
རྩམ་པ། རྩམ་པ། རྩམ་པ།

2010.1.8

རྩམ་པ་ཟ་མཁན་དུ་ཡོད་དམ།


རྩམ་པ་ཟ་མཁན་དུ་ཡོད་དམ།
འབྲོག་ཕྲུག
___ གླུ་བ་སྒྲོལ་མ་སྐྱབས་ཀྱི་བརྙན་འཁོར་རྩམ་པ་དང་འབྲེལ་བའི་སྐད་ཆ་ཞིག

ཡར་ཀླུང་ནས་འཁྲུངས་བའི་ནས་འབྲུ་རྡོག་གཅིག
གཏམ་རྒྱུད་ཅིག་གི་ཤ་རུས་ལ་ཟུག་པས།
སྦྲང་དཀར་རྩམ་པས་གསོས་པའི་མི་རིགས་ཤིག
མཁའ་མཐའ་ན་ཉི་ཟེར་བཞིན་དུ་འཕྱོ། ༼རྩམ་པ་ཞེས་པའི་གཞས་ཚིག་དུམ་བུ་ཞིག༽

དབྱངས་ འགྲོས་དལ་ཞིང་སྙོམས་པ། འགྱུར་ཁུག་ལྷོད་ཅིང་བབ་ཆགས་པ། གཞས་ཚིག་གི་རྟོག་ཡུལ་རྒྱ་ཆེ་བའི་གླུ་གཞས་འདི་ཉིད།གངས་ཅན་པ་སྒྲོལ་མ་སྐྱབས་ སུ་གྲགས་པའི་གླུ་བ་འདིའི་སྐད་ཀྱི་གདེངས་མཐོ་བ་རི་ཆུ་པང་དུ་བླངས་འདྲ། སྨྲ་བའི་བརྗོད་དག་པ་བུ་རམ་ལྕེ་ལ་གཏོར་འདྲ། འགྱུར་ཁུག་གི་རྩལ་རྫོགས་པ་ལྷོ་སྤྲིན་རླུང་གིས་བསྐྱོད་འདྲ། འདེགས་འཇོག་གི་དོ་མཉམ་པ་གཙང་ཆུ་རླབས་སུ་འཕྱུར་འདྲ་སོགས་བོད་པའི་གླུ་སྐད་ གཙང་མ་ཞིག་གི་ཁྱད་ཆོས་ལྟོས་བཅས་ཀྱི་འཛོམ་པའི་ངག་སྒོ་ལས་ཐོས་ཐེངས་རེ་རེར། ང་ལ་ནི་ཆུ་དྭངས་མོའི་ཤག་སྒྲ་དང༌། རླུང་བསིལ་མོའི་ཤུར་སྒྲ་མ་གཏོགས་ཅི་ཡང་མི་སྣང་བའི་རྩྭ་ཐང་ཆེན་པོ་ཞིག་ཏུ་ སླེབས་འདྲའི་ཚོར་སྣང་དབང་མེད་དུ་སྐྱེས་འོང་ཞིང༌། གནས་འདི་ནས་མིག་ཟུང་ཐག་ རིང་ལ་གཏོད་ཀྱིན་རང་བྱུང་གི་མཛེས་པ་མངོན་སུམ་མཐོང་བའི་སྤྲོ་བ་དང༌། བློ་ཁ་ནང་སེམས་ལ་ཕྱོགས་ནས་ཆོས་ཉིད་ཀྱི་བདེན་པ་ཅིར་ཅར་རྙེད་པའི་དགའ་བ་སོགས་ ཉམས་སུ་མྱོང་བཞིན། སྐབས་ལན་རེར་སྲིད་པ་ཆེན་པོ་འདིའི་མཐའ་དང་དབུས་སུ་མེད་པའི་བྲང་གཞུང་དུ་དལ་ ལྷོད་ལྷོད་ངང་གཉིད་དུ་ཡུར་བ་དང༌། འཛུམ་ཤིག་ཤིག་ངང་ངལ་གསོ་བྱས་ཆོག་པའི་རྒྱལ་ཁམས་ངོ་མཚར་བ་ཞིག་སྟེ། ང་དང་ང་ལྟ་བུ་དག་གི་ཕ་གཞིས་སུ་ལས་ཀྱིས་བྱིན་པའི་ཁ་བ་ཅན་གྱི་ཡུལ་གྲུ་འདིར་ད་ དུང་ཨུ་ཚུགས་ཀྱི་མགོ་བོ་དགྱེ་ནས་སྔར་བཞིན་འཚོ་འདོད་དང༌། ཞེན་ཆགས་ཀྱི་སྤར་ཁ་བསྡམས་ནས་ཡུན་དུ་འདུག་འདོད་འགོག་མེད་དུ་སྐྱེས་འོང༌། གནའ་མི་དག་གི་ཁ་དཔེར། རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བ་ཞིག་ཡོད་པ་ཤིན་ཏུ་བདེན་པར་འདུག་སྟེ། མི་སུ་ཡིན་རུང་སྐྱེ་དུས་ལྟེ་ཁྲག་འཕོ་ས་དེ་འཆི་དུས་དུར་རྡོ་འཛུགས་ས་ཡིན་ན་ བསམ་པ་ནི་བཤད་མ་དགོས་པ་ཞིག་ལོས་ཡིན། དེ་བས་གནའ་སྔ་མོའི་དུས་སུ་མེས་པོ་དཔུང་རྗེན་དེ་ཚོས་ཡུལ་ཡར་ཀླུང་ཁོག་ལ་བཏབ་ པའི་ནས་འབྲུ་རྡོག་གཅིག་པོ་དེ།
དེ་རིང་ད་དུང་ང་འཚོའི་སྐྱིད་ལ་སྡུག་པའི་གཏམ་རྒྱུད་ཡོད་ཚད་ཀྱི་ཤ་ཡི་གསེང་དང་ རུས་པའི་རྐང་ལ་ཟུག་ཡོད་པར་ཡང་རྒྱུ་མཚན་ལོས་ཡོད། ཡང་ཅིག་བཤད་ན། ང་ཚོའི་ཐོག་མའི་རྟེན་འབྲེལ་གྱི་ས་བོན་དུ་བཏབ་པའི་ནས་འབྲུ་རྡོག་པོ་དེ། དང་པོ་ཞིང་སར་བཏབ་ནས་མྱུ་གུ་འབུས་པ། བར་དུ་འབྲས་བུ་སྨིན་ནས་སྟོན་དུ་བླངས་བ། མཐའ་མར་ཡོས་སུ་བརྔོས་ནས་རྩམ་པར་ཐག་པའི་གོ་རིམ་ནི། ནས་འབྲུ་རྡོག་པོ་གཅིག་གི་གཏམ་རྒྱུད་ཙམ་དུ་མ་ཟད། མེས་པོ་སོ་ནམ་པ་དེ་ཚོས་རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས་པ་དང༌། ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས་བའི་གཏམ་རྒྱུད་ཀྱང་ཡིན་པར་བསམ་ན།ཁོ་ཚོས་ ནས་འབྲུ་གཅིག་ལས་རང་ཁྱིམ་དྲོན་མོ་འདི་བསྐྲུན་ཅིང༌། ཕ་ས་གྲུ་བཞི་འདི་བཟུང་བའི་བློ་དང་སྤོབས་པར་ཧ་མི་ལས་པ་སུ་ཞིག་ཡོད་དམ།


ང་ནི་གླུ་སྐད་ཅིག་གིས་འདི་ལྟར་གཏིང་ཟབ་པའི་ཕྱིར་དྲན་དང་བརྗོད་དཀའ་བའི་འཆར་ ཡན་གྱི་ཀློང་དུ་དྲངས་ཤིང༌། རེ་ཞིག་རང་གིས་ཉན་བཞིན་པ་དེ་གླུ་གཞས་ཤིག་ཡིན་པའང་བརྗེད་པར་བྱས་སོང༌། ཡིན་ནའང་ཁད་དང་ཡུན་གྱིས་ཁོ་བོར་སེམས་ཁྲལ་གཞན་ཞིག་ཀྱང་དབང་མེད་དུ་སྐྱེས་ ཤིང༌། སྐད་ཆ་འགའ་རེ་མ་བཤད་ཐབས་མེད་ལྟ་བུ་ཞིག་ཀྱང་ཆགས་སོང༌། ཁ་སང་དེ་རིང༌། བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་སོ་སོར་གླུ་བ་གླུ་མར་གྲགས་པ་མང་པོ་ཡོད་ ཚོད་རེད་ལ། ཚིག་འབྲི་བ་པོ།དབྱངས་སྒྲིག་པ་པོ་སོགས་ཀྱང་གང་སར་ཐོས་རྒྱུ་འདུག་པར་མ་ཟད། ཁོ་ཚོས་ཡུལ་དུས་མི་འདྲ་བ་སོ་སོར་དགོང་ཚོགས་བསྡུ་དང་འགྲན་ཚོགས་སྤེལ་བ། སྒྲ་ཐག་བཟོ་བ་དང་བརྙན་ཐག་འགྲེམ་པ་སོགས་ཀྱི་ཚ་རླབས་ཤིག་འཕྱུར་གྱིན་ཡོད་ལ། རྒྱང་བསྒྲགས་དང་བརྙན་འཕྲིན། དྲ་བ། ལག་ཁྱེར་ཁ་པར་གྱི་འབོད་བརྡ་ཚུན་གྱི་དེང་རབས་ཀྱི་སྨྱན་ཆས་དག་ལས་གང་སར་ས་དར་ རྡོ་ཁྱབ་ཀྱི་ཚུལ་དུ་སོང་ཡོད་ཀྱང༌། ཁོ་བོར་མཚོན་ན༌། ད་སྔའི་བར་ཡིད་ཀྱི་མཚོ་མོ་སྐྱོམ་པར་བྱེད་ཅིང༌། བརྩེ་བའི་བླ་སྲོག་འགུག་པར་བྱེད་པ།སྐྱོ་བའི་དུས་སུ་སེམས་ངལ་དབྱིངས་སུ་སྤུར་ བ། སྙིང་གི་སྲུབ་ཀ་དང་མིག་གི་གྲུ་ཟུར་ལ་ལྷུང་འོང་བའི་གླུ་གཞས་དེ་འདྲ་ཐོས་པ་ནི་ ལན་རེ་ཙམ་ཡིན། ད་ལྟ་དར་སོ་ཆེ་བའི་གླུ་གཞས་དེ་དག་ལས་ལ་ལ་ཞིག་ཚིག་གི་བསྡེབས་དང་དབྱངས་ཀྱི་ འགྲོས་མི་མཉམ་པ་ལྟ་བུ། འདེགས་འཇོག་འགུག་གསུམ་གྱི་གོ་རིམ་འཆོལ་བ་ལྟ་བུ་སོགས། མདོར་ན། གཞས་ཚིག་གིས་གཞས་གདངས་མ་རྙེད་པ། གཞས་གདངས་དང་རོལ་ཆས་མ་འདྲེས་པ། དེ་བས་ཀྱང་གླུ་བ་དང་གླུ་གཞས་གཉིས་གྲོས་ཁ་མ་འཆམ་པ་ལྟ་བུ་ནི་ཉུང་ཙམ་མ་ཡིན་ལ། ལྷག་ཏུ་གླུ་བ་གླུ་མ་མང་ཤོས་ནི་སྐད་ཅིག་ཙམ་ལ་མིང་གི་གྲགས་པ་གླིང་ལ་ཁྱབ་འདོད་ ཀྱི་བྲེལ་བ་སྐྱེས་ཤིང༌། དངུལ་གྱི་ཆར་བ་ཤག་ཤག་ཏུ་འབེབ་འདོད་ཀྱི་འཚུབ་ཆ་ལངས་ནས། ང་ལྟ་བུའི་ཉན་མཁན་ཕལ་བ་དག་དང་ཁ་ཐག་ཇེ་རིང་ལ་འགྱུར་ཀྱིན་འདུག་པ་ནི་བཤད་མ་ དགོས་ལ། བོད་གཞས་རྒྱ་སྐད་དུ་སྒྱུར་བ་དང༌། རྒྱ་གཞས་བོད་གདངས་ལ་སྦྱོར་བའི་དར་སོ་གསར་བ་འདི་དག་གིས། མི་རིགས་འདིས་ལོ་ངོ་སྟོང་ཕྲག་ལ་མཐོ་རྒང་གི་གངས་འཁྱག་ཁྲོད་དུ་ཟུངས་ཁྲག་དང་ རྔུལ་ཆུས་བསགས་པའི་དམངས་གཞས་འོ་མ་ལྟ་བུ་དག་གཏིང་ནས་བརྗེད་ཅིང༌། འུ་ཚོ་ཚང་མར་སྙིང་ཉེ་བའི་ཀ་ཁ་སུམ་བཅུ་བོ་ཡང་བོར་ལ་མི་ཉེའམ་སྙམ་འོང༌། 


སྤྱིར་བཏང་དུས་ཀྱི་འགྱུར་བ་དང་བསྟུན་ནས་མི་རྣམས་ཀྱི་མཛེས་དཔྱོད་ལྟ་བ་དང༌། སྒྱུ་རྩལ་གྱི་མྱོང་གོམས་སོགས་ལ་འགྱུར་ལྡོག་འབྱུང་བ་ནི་བཤད་མ་དགོས་ཀྱང༌། སྟོད་གོས་ཀྱི་འདབས་ར་ནུ་མའི་མཚམས་སུ་བཅད་ཅིང༌། དོར་མའི་རྐང་ཤག་མཚན་མའི་འགྲམ་དུ་བཏུབ་ནས་ས་མཆོང་གནམ་མཆོང་དང་མགོ་ལྡིང་ལག་ ལྡིང་བྱེད་པའི་ནུབ་གླིང་བའི་བྲོ་གར་གསར་བ་དེ་དག་དང༌། ངུ་བ་དང་དགོད་པ་གང་ཡིན་མི་ཤེས་ལ། བཤད་པ་དང་ལེན་པའི་དབྱེ་བའང་མི་ཁོར་ཅིང༌། རང་གི་ཕ་མ་མིང་སྲིང་སོགས་ཀྱི་ཁྲོད་དུའང་་་མཛའ་མོ་ལགས་་་་ངས་ཁྱེད་ལ་འོ་ཞིག་ བྱེད་འདོད་་་་མཛའ་བོ་ལགས་་ངས་ཁྱེད་ཀྱི་ཤ་དྲོད་མྱོང་འདོད་་ལྟ་བུའི་རྒྱ་ནག་ གི་གླུ་གཞས་དེ་ཚོ་ནི། འུ་ཚོའི་བབ་ཆགས་ཤིང་ཅུང་ཟད་སྐྱོ་སྣང་རང་བཞིན་ལྡན་པའི་མཛེས་དཔྱོད་གོམས་གཤིས་ དང༌། ཚགས་དམ་ཞིང་སྒམ་བརླིང་གི་རྣམ་པར་གྲུབ་པའི་མི་ཆོས་ཀུན་སྤྱོད་ཀྱི་སྲོལ་རྒྱུན་ དང་ཁ་འཕྲོད་ཐབས་མེད་པས་ན། རང་གི་གླུ་སྐད་དྭངས་མོ་དང་ཉམས་འགྱུར་མཉེན་མོས་རང་གི་མི་རིགས་འདིའི་སེམས་ཁ་ གསོ་འདོད་པའི་གླུ་བ་ཞིག་ཡིན་ཕྱིན། དར་སོ་ཆེ་བའི་གསར་བའི་རིགས་དེ་དག་ལ་ལད་མོ་ཨེ་འཁྱོངས་ལྟ་རྒྱུ་ད་དུང་སྐབས་སུ་ མ་བབས་པ་འདི་ཙམ་ཤེས་ན་འགྲིག་ཅིང༌། ཡང་ཅིག་བཤད་ན་གླུ་གར་གྱི་སྒྱུ་རྩལ་འདི་ཉིད་ནི་སྙན་ངག་སོགས་སྒྱུ་རྩལ་གྱི་ རིགས་གཞན་དག་དང་འདྲ་བར་གླུ་བ་རང་གི་མི་ཚེ་ལྟ་བ་དང་ཆགས་སྡང་གི་སེམས་ཁམས། མཛེས་དཔྱོད་ཀྱི་མྱོང་གོམས་སོགས་དང་དབྱེར་མེད་དུ་འདྲེས་པ་ཞིག་ཡིན་པས་ན། ནུབ་གླིང་དང་རྒྱ་ནག་སོགས་ཀྱི་གླུ་གར་དེའི་རིགས་ནི་ཁོ་ཚོ་རང་གི་རིག་གནས་ སེམས་ཁམས་དང༌། སྤྱི་ཚོགས་ཀྱི་གནས་སྟངས། མི་སྒེར་གྱི་མཛེས་དཔྱོད་ལྟ་བ་སོགས་ཀྱིས་བསྐྱེད་པ་ཞིག་ཡིན་ཕྱིན། རང་ལ་མ་གོམས་པ་དང་མ་འདྲིས་པའི་གསར་བ་དེ་དག་བཙན་གྱིས་སྣ་འཐེན་ནས་ཁ་ནང་ལ་ སླེབས་འདོད་བྱས་ན་གྲུབ་འབྲས་ལོན་ཁེགས་པོ་ཡིན་སྲིད་སྙམ། དོན་དངོས་ཀྱི་སྟེང་ནས་ཀྱང་ཉེ་བའི་ལོ་འདི་གར་བོད་ཀྱི་གླུ་བ་གླུ་མ་འགའ་རེར་ ཉན་མཁན་གྱི་དགའ་བསུ་ཐོབས་པ་དང༌། རྒྱལ་ནང་དུ་གདེངས་འཇོག་མི་དམན་པ་དང་བྱ་དགའ་མི་ཉུང་བ་བླངས་མྱོང་བ་དག་ཀྱང་རང་ མི་རིགས་ཀྱི་གླུ་གར་སྲོལ་རྒྱུན་གྱིས་དྲིན་ལས་བྱུང་བ་ཡིན་པ་མིག་མཐོང་ལག་ཟིན་ རེད།


རང་རེ་བོད་ཀྱི་ཁ་དཔེ་ཞིག་ལ་སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་པ་དང༌། གོམ་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས་ཟེར་བ་བཞིན། འུ་ཚོར་གླུ་གར་གྱི་སྲོལ་རྒྱུན་ཕུན་སུམ་ཚོགས་པ་ཞིག་ཡོད་འདུག་སྟེ། གནའ་བོའི་བཙན་པོའི་དུས་སྐབས་སུ་སྲིད་དོན་གླུ་རུ་བླངས་ནས་བརྡ་སྦྲོན་ཐབས་ཡོད་ ལ་ཕྱིས་སུ་རི་ཁྲོད་པ་དག་གིས་ཉམས་རྟོགས་གླུ་རུ་གྱེར་ནས་ཆོས་གསུངས་ཚུལ་ཡོད་ མྱོང༌། འཛམ་གླིང་གེ་སར་རྒྱལ་པོས་གླུ་བླངས་ནས་ཕྱོགས་བཞིའི་དགྲ་བཞི་བཏུལ་ཚུལ་ནས་རིག་ འཛིན་ཚངས་དབྱངས་རྒྱ་མཚོས་གླུ་བླངས་ནས་ཕྱོགས་མེད་ས་མཐར་འཁྱམས་ཚུལ་གྱི་ལོ་ རྒྱུས་ཡོད། ད་དུང་འབྲོག་པ་དག་གི་གནག་ཕྱུགས་རི་ནས་འཚོ་དུས་ཀྱི་རྫི་གླུ་དང་འབྲི་མོ་ལྷས་ ནས་འཇོ་དུས་ཀྱི་བཞོ་གླུ། ཆུ་ལེན་པའི་གླུ། བལ་འབྲེག་པའི་གླུ་སོགས་དང༌། ཞིང་བ་ཚོས་སོན་འདེབས་པའི་གླུ། གཡུལ་གཅོག་པའི་གླུ། སྟོན་ལེན་པའི་གླུ། རྒན་པ་དག་གི་མི་ཚེ་མྱོང་བ་གླུ་རུ་བླངས་བ་གནའ་རྒྱའི་ཚེ་ལོ་ལྟ་བུ། གཞོན་པ་དག་གི་བརྩེ་དུང་གི་གཏམ་རྒྱུད་གླུ་རུ་བླངས་བ་ཏཱ་ནི་སྟོད་ལྟ་བུ། ད་དུང་དབུས་གཙང་གི་ཆང་གཞས་དང་ཁམས་པའི་མཛའ་གཞས། ཨ་མདོའི་ལ་གཞས་སོགས་ང་ཚོའི་མི་རིགས་འདིའི་དངོས་ཡོད་ཀྱི་འཚོ་བ་མཚོན་པ། སེམས་ཁམས་ཀྱི་ཆགས་སྡང་གསལ་བ། རིག་གནས་དང་འདྲེས་པ། གོམས་གཤིས་དང་འཕྲོད་པ་ཤིན་ཏུ་མང་ཞིང༌། སྤྱིར་བཏང་བོད་ཀྱི་མཁས་པ་དག་གི་བསྟན་བཅོས་རྩོམ་དུས་ཀྱང་གླུའི་རྣམ་པ་ཅན་དུ་ བརྩམས་པ་མང་པ་དཔེར་ན། རྗེ་བཙུན་མི་ལ་རས་པ་དང་ཡབ་རྗེ་སྐལ་ལྡན་རྒྱ་མཚོ། རྡོ་གྲུབ་བསྟན་པའི་ཉི་མ། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་མཁས་གྲུབ་མང་པོའི་གསུང་རྩོམ་ཁྲོད་མཇལ་དུ་ ཡོད་ཅིང༌། བོད་ཀྱི་གནའ་བོའི་སློབ་གླིང་ཉག་གཅིག་སྟེ་དགོན་སྡེ་སོ་སོར་ཡང་འདོན་ཆོག་གི་ དབྱངས་རྟ་ཆེས་མང་པོ་ཡོད་པ་འདི་དག་ལ་ད་གཟོད་བོད་ཀྱི་གླུ་ཞེས་འབོད་ཅིང༌། ཐོས་ཚོད་ལ་སོག་པོ་དང་ཞིན་ཅང༌། ཨུ་རུ་སུ་སོགས་ཀྱི་དམངས་གཞས་ཀྱི་རྩ་བ་དེའང་མདོ་དབུས་མཐོ་སྒང་ནས་འབུས་བར་ བཤད་དེ། དངོས་ནས་དེ་དག་གི་གཞས་གདངས་རིང་ལ་མཐོ་བ་དང་འགྱུར་ཁུག་ལ་སྐྱོ་ཉམས་དོད་པ་བོད་ གླུ་ལྟ་བུའི་ཁྱད་ཆོས་འགའ་རེ་རང་གིས་ཀྱང་ཚོར་ཐུབ་པར་སྣང༌། དེ་བས་ང་ཚོས་ནམ་རྒྱུན་རང་ལ་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ངོ་མཚར་བ་ཞིག་ཡོད་ ཅེས་ས་ལྡིང་གནམ་ལྡིང་བྱེད་རྒྱུར་དགའ་ཡང༌། ངེས་པ་དོན་གྱི་གཞན་ལ་ངོམ་ཆོག་ཆོག་གི་གླུ་གར་གྱི་སྲོལ་རྒྱུན་འདི་ལ་དོ་སྣང་མ་ བྱུང་བར་ཕངས་སེམས་མི་སྐྱེའམ། ད་ལྟའི་གླུ་བ་ཚོར་མཚོན་ནའང་འདི་ནི་བཙེམ་མི་དགོས་གོས་ཆེན་དང་གྲུབ་དང་བཞེངས་ མི་དགོས་ལྷ་སྐུ་རང་བྱོན་གྱི་ཚུལ་དུ་ཡོད་པས། གླུ་བ་མིང་གྲགས་ཅན་ཆེ་གེ་མོའི་གཞས་ཚིག་དང་གཞས་གདངས་ལ་ལྷན་པོ་རེ་རྒྱབ་ནས་རང་ གིས་གསར་རྩོམ་བྱས་སོང་ཁུལ་གྱི་དཀའ་ལས་རྒྱག་མི་དགོས་ཏེ། སྲོལ་རྒྱུན་ནི་ང་ཚོ་ཐུན་མོང་ལ་དབང་བ་ལས་སུ་ཞིག་གི་སྒེར་དབང་ཐོན་རྫས་ག་ལ་ ཡིན།


ད་ལྟའི་སྐབས་སུ་ང་ཚོས་ལས་རིགས་གང་ཡིན་རུང་རང་གི་རང་ངོ་མ་ཤེས། གཞན་གྱི་རྐང་རྗེས་མ་ཟིན་པར་ལུས་ཡོད་པ་བཞིན། གླུ་གར་གྱི་ཕྱོགས་ནས་ཀྱང་དེ་ལས་མ་འདས་ཏེ། དུས་རབས་ཉེར་གཅིག་པར་སླེབས་པའི་སྐབས་འདིར་ཡང་བོད་ཀྱི་གླུ་གར་སློབ་གླིང་དང་ རོལ་མོ་ཞིབ་འཇུག་སོགས་ནི་མིང་སྟོང་དུ་ལུས་ཡོད་ལ། རེ་གཉིས་ཤིག་ཡོད་པའི་དབང་དུ་བྱས་ཀྱང་ཆེད་མཁས་པའི་དཔུང་སྡེ་དང་གཞུང་ལུགས་ ཀྱི་ཁྲིད་སྟོན། རྩ་འཛུགས་ཀྱི་རྒྱབ་རྟེན་སོགས་མི་རིགས་གཞན་གྱི་མཐུན་རྐྱེན་གྱི་ཆ་ཤས་ཙམ་ཡང་ འཛོམས་མེད་ཅིང༌། ཐ་ན་བོད་མདོ་དབུས་ཁམས་གསུམ་གྱི་གླུ་གར་གྱི་ཁྱད་ཆོས་དང༌། རོལ་ཆས་ཀྱི་རྣམ་གྲངས་ལ་དཔྱད་པའི་ཆེད་རྩོམ་ལེགས་པོ་ཞིག་ཀྱང་མཐོང་དུ་མེད་ལ། གླུ་བ་གླུ་མ་ཚོ་ཡང་ཆ་རྐྱེན་ཅུང་བཟང་བ་དག་རྒྱའི་རོལ་དབྱངས་སློབ་གླིང་འགྲིམ་ པ་དང༌། མང་ཤོས་ནི་ཞིང་ཕྱུགས་ཀྱི་ལས་ཀ་གཉེར་བའི་མང་ཚོགས་ཕལ་བའི་ཁྲོད་དུ་ལུས་ཡོད་པས་ ཆེད་གཉེར་སློབ་སྦྱོང་གི་གོ་སྐབས་ཏོག་ཙམ་ཡང་རེག་མྱོང་མི་འདུག འདི་ནི་རང་རེའི་གླུ་གར་འཕེལ་རྒྱས་སུ་འགྲོ་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ ཏེ། དེང་སྐབས་རིག་གནས་སྒྱུ་རྩལ་སོགས་གང་ཡིན་རུང་ཆེད་ལས་ཀྱི་རང་བཞིན་དང་རྩ་ འཛུགས་ཀྱི་ངོ་ཅན་དུ་འགྱུར་ཐུབ་མིན་ནི་་ཤི་གསོན་ལྟ་བུའི་གནད་དོན་ཆེ་ཤོས་ཆགས་ ཡོད་པར་སྣང༌། ཡིན་ནའང༌།གནས་སྐབས་སུ་ང་ཚོར་ཕྱི་ནང་གཉིས་ཀའི་ཆ་ནས་དེ་འདྲའི་ཆ་རྐྱེན་འཛོམ་ ཁག་པོར་འདུག་ཀྱང༌། རང་རེ་གླུ་བ་གླུ་མ་དང་ཚིག་དང་དབྱངས་གསར་རྩོམ་བྱེད་མཁན་དག་གིས་ཅི་ནུས་ཀྱི་ རང་གི་སྲོལ་རྒྱུན་གྱི་ཁྱད་ཆོས་དང་ཉན་མཁན་གྱི་རེ་བར་ཐུགས་སྣང་མཛད་རྒྱུ་གལ་ ཆེན་པོ་ལགས་ཏེ།
བོད་ཀྱི་གླུ་བ་ཡིན་ཟེར་རུང་བོད་གླུའི་ཁྱད་ཆོས་རྨང་ནས་བོར་བ་དང༌། བོད་ཀྱི་གླུ་གཞས་ཡིན་ཟེར་རུང་བོད་ཀྱི་ཉན་མཁན་དང་རིང་དུ་གྱེས་པའི་སྣང་ཚུལ་ སྐྱོ་བོ་ཞིག་ཆགས་བཞིན་པ་མངོན་སུམ་རེད་ཨང༌། ཡིན་ནའང༌། སུ་ཞིག་གིས་ཆེ་ས་ནས་ཅི་ཞིག་ཤེས་སོང་ཁུལ་གྱིས་སྒྱུ་རྩལ་པར་རྒྱལ་ ཁབ་ཡོད་ཀྱང༌། སྒྱུ་རྩལ་ལ་རྒྱལ་མཚམས་མེད་ཟེར་ནི་རེད་ཅེས་བཤད་སྲིད་ཀྱང༌། རྒྱལ་མཚམས་མེད་པའི་སྒྱུ་རྩལ་ཞེས་པ་དེའང་ཐོག་མར་རྒྱལ་ཁབ་ཅིག་གི་སྒྱུ་རྩལ་ལས་ མགོ་བརྩམས་པ་ལགས་ཤིང༌། གཞན་དུ་གནའ་མིའི་ཁ་དཔེ་བཞིན་སྟག་མཆོངས་སར་ཝ་མཆོངས་ན་སྒལ་ཚིགས་འཐོར་བའི་ཉེན་ ཁའང་འབྱུང་སྲིད་ཅེས་ཀྱང་ཞུའོ། ། 


ཁོ་བོར་མཚོན་ན། གླུ་དབྱངས་ནི་རང་གི་འཚོ་བའི་ཁྲོད་དུ་ཟས་ཀྱི་སྤོད་དུ་སྡོར་བཏབ་པ་པ་བཞིན་ འབྲལ་དུ་མི་ནུས་པ་ཞིག་ཆགས་འདུག་པས་ན། ནམ་རྒྱུན་གླུ་བ་ཆེ་གེ་མོའི་ཆེད་བསྒྲིགས་དང་གླུ་མ་ཆེ་གེ་མོའི་གཞས་གསར་དག་ལ་ རེ་ལྟོས་ཀྱི་མིག་ཟུང་ཆེ་རུ་བགྲད་མཁན་ཞིག་ལགས་མོད། རེ་བཞག་ས་ནས་ལུང་བསྡིབས་པ་ཡང་ཉུང་ཉུང་མིན་ཡང༌། ཉེ་སྔོན་གླུ་བ་སྒྲོལ་མ་སྐྱབས་ཀྱི་རྩམ་པ་ཞེས་པའི་ཆེད་བསྒྲིགས་འདིར་བལྟས་པ་ན། ཆེད་བསྒྲིགས་འདི་ནི་ད་སྔའི་བར་རང་རེ་གླུ་གཞས་ཁྲོད་ཀྱི་ཅུང་ལེགས་འགྲུབ་བྱུང་ ཡོད་པའི་རིགས་སུ་གཏོགས་པར་འདོད་དེ། ཚིག་གི་སྦྱོར་བ་དང་དབྱངས་ཀྱི་འགྱུར་ཁུགས། གླུ་བའི་ཉམས་འགྱུར་སོགས་གང་གི་ཆ་ནས་ཀྱང་སྐབས་ལན་རེར་ཡིད་སེམས་ཐང་ལ་ལྷུང་ བའི་སྐྱོ་བ་ཞིག་ཚོར་བར་བྱེད་པ་ཕ་ཡུལ་དང་མ་ལོ་ཞེས་པ་ལྟ་བུ་དང༌། མཚམས་ལན་རེར་སྙིང་རྩ་ལྷོག་ལྷོག་འཕར་བའི་སྤོབས་པ་ཞིག་སྦྱིན་པར་བྱེད་པ་པོ་ཏ་ ལ་དང་གངས་ཅན་པ་ཞེས་པ་ལྟ་བུ། ད་དུང་ཐོད་གཉེར་ཤིག་ཤིག་བསྡུས་ནས་བསམ་གཞིག་གི་འཇིངས་སུ་ཁྲིད་པར་བྱེད་པ་རྩམ་ པ་དང་ཁ་བའི་མེ་ཏོག་ཅེས་པ་སོགས་ལ་ཉན་ཐེངས་རེར། ཁོ་བོར་བོད་ཀྱི་གླུ་གཞས་ཟེར་ན་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་རྣམ་རྟོག་ཅིག་ དབང་མེད་དུ་སྐྱེས་འོང་བའང་རྒྱུ་མཚན་མེད་པ་ཞིག་མ་ཡིན་པར་འདོད་དེ། རེ་ཞིག་རང་རེའི་གླུ་བ་མང་ཤོས་ཀྱིས་རྙེད་མ་ཐུབ་པའི་རང་རེ་གངས་ཅན་པ་དག་གི་ གཉུག་གཤིས་སུ་སིམ་པའི་མཛེས་པ་ཞིག་དང༌། ཁྲག་རྒྱུན་དུ་འདྲེས་པའི་སྤོབས་པ་ཞིག་ཚོར་བར་བཤད་ནའང་རྫུན་དུ་འགྲོ་བའི་གནས་ མེད་པར་འདོད་ཅིང༌། སྤྱི་ཁྱབ་ཏུ་བཤད་ནའང༌། མཁས་པས་དཔྱད་ན་ཚིག་གི་བསྟན་དོན་གྱིས་བློ་དགྱེས་པ།བླུན་པོས་ཉན་ན་དབྱངས་ཀྱི་ སྙན་ཆ་ཡིས་ཡིད་འགུག་པ།མཁས་བླུན་སུ་ཡིས་བལྟས་ཀྱང་ཆགས་སྡང་གི་བྲོ་བས་ཞེ་འཁུལ་ བར་བྱེད་པ་ཞིག་ཏུ་བཅོས་མིན་དུ་མཐོང་འོང་ངོ༌། སྤྱིར་བཏང་སྒྱུ་རྩལ་ཞེས་པ་ནི་མཁས་པའི་ངག་གི་གཏན་ཚིགས་ལྟ་བུའི་གནས་ལུགས་ རྗེན་རྗེན་ཞིག་སྟོན་བྱེད་དང༌། ཚོང་བའི་ལག་གི་གསེར་དངུལ་ལྟ་བུའི་ཡོང་སྒོ་རྡོག་རྡོག་ཅིག་འཚོལ་བྱེད་མིན་ལ། སྒྱུ་རྩལ་པ་ཞེས་པའང་སྣང་བའི་ཆོས་ཀུན་དཔེ་རུ་འདྲེན་མཁས་བའམ། དཔེ་ཡི་བརྡ་རྟགས་དོན་དུ་སྟོན་ནུས་པ། ཕྲ་མཐོང་གི་ཚོར་བ་ཁབ་ལྟར་རྣོ་བ། ཆགས་སྡང་གི་འདུ་ཤེས་མེ་ལྟར་ཚ་བ་ཞིག་ཡིན་སྐད་འདུག་པས་ན། སྒྱུ་རྩལ་པ་ཞེས་པའི་མིང་འདིའང་སྐལ་ལྡན་གྱི་མི་སྣ་རེ་ཟུང་ལ་གནམ་རྒན་མས་གནང་ བའི་དངོས་གྲུབ་ཅིག་ཏུ་སྣང་བས། གནའ་ནས་ད་ལྟའི་བར་རང་ཉིད་སྒྱུ་རྩལ་པར་རློམ་པ་ནི་མང་མང་ཞིག་ཡོད་ཀྱང༌། ངེས་པ་དོན་གྱི་སྒྱུ་རྩལ་པ་ནི་ཉུང་ཉུང་དུ་ཟད་པའང་དེའི་རྐྱེན་ཡིན་པར་བཤད། ད་ལྟ་འཛམ་གླིང་ཆེན་པོ་འདིར་ཚན་རིག་གི་གསར་རྙེད་དང༌། ལག་རྩལ་གྱི་གསར་གཏོད་ཆེས་ངོ་མཚར་བ་ཁ་སང་ལས་དེ་རིང་མང་བ་དང༌། ན་ནིང་ལས་ད་ལོར་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འབྱུང་གིན་ཡོད་ཀྱང༌། མིའི་རིགས་ཀྱི་བླ་ན་མེད་པའི་ཀུན་སྤྱོད་ཀྱི་དགེ་བ་དང༌། སྒྱུ་རྩལ་གྱི་མཛེས་པ་མཁོ་ན་ད་དུང་སྟོབས་ལྡན་སུ་ཡིས་སྒེར་འཛིན་དང༌། རྒྱུ་ཆེན་སུ་ཡིས་ཉོ་རུ་མི་ནུས་པ་ཞིག་ཆགས་ཡོད་ནི་དེ་བས་ཀྱང་ཆེས་ངོ་མཚར་བ་ མིན་ནམ་ཞེས་ཞར་བྱུང་དུ་ཤོར་བའི་གཏམ་མོ།
མདོར་དྲིལ་ནས་བཤད་ན། རང་རེ་གླུ་མ་ཚོས་ཀྱང་སྒྱུ་རྩལ་ཞེས་པའི་མིང་རླབས་པོ་ཆེ་འདི་རྩེད་ཆས་ཙམ་དུ་ མི་འདོད་པའི་རེ་བ་དང༌། སྒྱུ་རྩལ་གྱི་ཡོན་ཏན་ཟེར་ན་ཤོག་སྒོར་བརྩེགས་མ་ཙམ་དུ་ངོས་མི་འཛིན་པའི་རེ་བ་ ཞིག་ཞུ་བ་ལགས་ཤིང༌། གཟུགས་མཛེས་པ་ཙམ་སྒྱུ་རྩལ་ཡིན་ན་རི་མོ་ལས་གཞན་མི་དགོས་པ་དང༌། སྐད་སྙན་པ་ཙམ་སྒྱུ་རྩལ་ཡིན་ན་གླིང་བུ་ལས་གཞན་མི་མཁོ་བས་ན། རང་ཉིད་ཤ་དར་ཁྲག་དར་གྱི་སྒྱུ་རྩལ་པ་གསོན་པོ་ཞིག་ཡིན་པར་བསམ་བློ་རེ་གཏོང་ རོགས་ཞེས་པ་འདི་ཙམ་ཡིན། གཞན་དུ་རང་ཉིད་ལ་གླུ་གར་ཕྱོགས་ཀྱི་ཤེས་ཚད་མཐོན་པོ་ཞིག་ཡོད་མདོག་གིས་སློབ་ སྟོན་བྱེད་བསམ་པ་ནི་གཏན་ནས་མིན་པར། ཉན་མཁན་ཕལ་བ་ཞིག་གི་ངོས་ནས་རེ་བའམ་བསམ་འཆར་རེ་བཏོན་པ་ཡིན་ནོ། ། 

རྩམ་པ།

བསོད་ནམ་དབང་འདུས།

ཁྱེད་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རྩམ་པ།
བོད་རང་དབང་སྐབས།
ཁྱེད་ནི་ང་ཚོའི་འཚོ་གཞི།
ཁྱེད་ཀྱི་གཤིིིས་སྤྱོད་ནི།
གངས་རི་དང་དུང་ལྟར་དཀར།
འདི་ནི་འགྲོ་ཀུན་ལ་སྲིང་པའི་གོངས་ལྗོངས་ཀྱི་ལྟ་གྲུབ་མཆིས།

ཡང་རྩམ་པ་ལགས།
ཁྱེད་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཁ་བ་ཅན་གྱི་བདེན་དཔང་དང་།
བོད་མི་རིགས་ཀྱི་ཚེ་སྲོག་ཙམ་དུ་མ་ཟད།
ཕ་རྒྱུད་བུ་རྒྱུད་ཀྱིས་ལག་རྡང་སྦྲེལ་པའི།
དྲི་མེད་ཁ་བཏགས་དཀར་པོ་ཞིག་ཀྱང་ཡིན།

ཡང་གཅིག་བཤད་ན།
ཤེལ་དཀར་གྱི་རང་གཟུངས་ལྡན་པའི་བོད་རྩམ་ཁྱེད།
ཁ་བའི་ལྗོངས་འདིར་དབང་ཤེད་རྒྱས་སྐབས།
ཁྱེད་ཁ་དབྱིངས་ལ་གཏོར་སྟེ་སྐྱིད་པའི་གླུ་ལེན་ཞིང་།
བོད་མི་རིགས་འདི་དུས་ཟིང་ནང་འགྱེལ་དུས་ཀྱང་།
ཁྱེད་ནམ་ཀར་གཏོར་སྟེ་ལྷ་འབོད་ཀླུ་འབོད་བྱས།

ཤ་ཉེ་ལགས།
ཁྱེད་ཀྱི་ཨ་ཕ་ནི་རྩམ་པར་ཆེས་མཛའ་ཞེན་ཅན་ཞིང་ཡིན་པས།
ཤ་ཉེ་ཁྱེད་ཀྱིས་ཨ་ཕའི་ནས་རྩམ་བདག་གཅེས་གྱིས་ཤིག།
རྩམ་པའི་ནང་ང་ཚོའི་མིི་རིགས་ཀྱི་རྩ་བ་ཐུག་ཡོད།
རྩམ་བས་ང་ཚོའི་རྒྱལ་ཁབ་ནམ་ཡང་སླུ་མེད།

རྩམ་པ་ཟ་དུས་སྙན་ངག་དྲན།


རྔ་བ་མེ་སྟག

རབ་དཀར་ཁ་བས་རབ་ཏུ་བརྒྱན་པའི་རབ་མཛེས་གངས་ཀྱི་ཡུལ་ལྗོངས་སུ།།
རྣམ་དཀར་ཐུགས་ཀྱིས་རྣམ་མང་འགྲོ་ལ་རྣམ་དག་ལམ་བཟང་སྟོན་མཁས་མཆོག།།
ཕན་བདེའི་གྲིབ་བསིལ་ཕན་ཚུན་རྗེས་ཆགས་ཕན་སེམས་འོད་དཀར་སྤྱན་རས་གཟིགས།།
བདག་མགྲིན་ཁབ་ཏུ་བདག་གིར་ཟུངས་ལ་བདག་གི་ངག་ལ་དངོས་གྲུབ་སྩོལ།།
འབྲུ་རིགས་ནས་ཀྱི་ཕྱེ་མ་སྤུངས་བ་མགོ་ནག་བོད་མིའི་ཞལ་ཟས་མཆོག།།
ལུས་ཟུངས་བརྟན་པོར་རྐང་གཉིས་དབུས་སུ་གྲོང་ངེར་འགྱིང་བའི་བྱིན་ནུས་ཅན།།
རོ་མཆོག་བརྒྱ་ལྡན་རམ་དཀར་རྩམ་པ་གསོས་སུ་གྱུར་བའི་གངས་ཅན་པས།།
སྙན་ངག་ལ་སོགས་རྩོམ་རིག་བརྩམ་ཆོས་གྲངས་ཀྱིས་ཟིན་ཀྱང་རྩམ་དྲི་ཡལ།།
དེང་གི་དུས་ཀྱི་རྩོམ་རིག་དཔུང་སྡེར་སྐྱ་དང་སེར་མོའི་ཚན་ཁག་རེ།།
ང་དང་ཁྱོད་ཀྱི་འགྲན་སློང་ཁྲོད་དུ་མི་ཚེ་སྟོང་ཟད་བཞུད་འདོད་སེམས།།
གཏན་དུ་སྤོངས་ལ་རིགས་རུས་གཅིག་པའི་བརྩེ་འདུན་ཟབ་མོས་དམིགས་ཡུལ་ཉིད།།
རོ་མཆོག་རྩམ་དྲི་ཡལ་བར་མེད་པར་མཛུབ་མོ་ལྔ་བཅིང་ཁུ་ཚུར་དཔེ།།
བྱང་སེམས་སྤྲེའུའི་རུས་བརྒྱུད་འཕོས་པ་ཁ་བའི་ཡུལ་གྱི་སྤུན་ཟླའི་ཁྲོད།།
མཛའ་མཐུན་ལག་རྡང་རི་མོར་བཀོད་ནས་གཅིག་སེམས་གཅིག་ལ་དུངས་གྱུར་ན།།
སྤྲོ་དགའི་འཇིག་རྟེན་མངོན་དུ་རོལ་རྒྱུའི་གོ་སྐབས་བརྟན་པོ་མིག་གི་མདུན།།
རྩམ་པར་རོལ་བཞིན་སེམས་སུ་ཉལ་ན་སྙན་ངག་གསར་བའི་ལེ་ཚན་མངོན།།
རིག་གཞུང་རྩོམ་ལ་གོ་ཆ་བརྟན་པོས་སྤོབས་པ་བསྐྱེད་བཞིན་འབད་འབུངས་ངང་།།
ཟང་ཟིང་དོན་དང་ཉ་ཉོག་གཏམ་གྱིས་མི་ཚེའི་རིན་ཐང་རླུང་ལ་བསྐུལ།།
མར་དང་རྩམ་པའི་དྲི་ངེད་མངར་མོས་རིན་ཆེན་རྩོམ་གྱིས་ཁ་བརྒྱན་ན།།
རབ་ཡངས་བདེ་དགའི་མདུན་ལམ་གསར་བ་བསིལ་ལྗོངས་འཛིན་མའི་ཁྱོན་ཀུན་མཛེས།།
སྙན་མོའི་ཚིག་གིས་སྡེབ་སྦྱོར་དབེན་ཡང་རང་སེམས་གཙང་མའི་ལབ་བརྡོལ་རྒྱུན།།
ཡར་བསྐུལ་སེམས་ཀྱིས་དྲ་བར་བཀོད་པ་སྙིང་སྟོབས་ཚོགས་ཀྱི་དཔུང་སྣོན་ཙམ།།
རང་རིགས་སྤུན་ལ་དུངས་ཞེན་ཟབ་མོས་རམ་དཀར་རྩམ་པའི་རང་གཤིས་དེ།།
སྙན་ངག་ལ་སོགས་རྩོམ་རིགས་འབྲི་དུས་མ་བརྗེད་སེམས་ཀྱི་གཏིང་དུ་ཉོལ།།