རྩམ་པ་ཟ་མཁན་དུ་ཡོད་དམ།



རྩམ་པ་ཟ་མཁན་དུ་ཡོད་དམ།
འབྲོག་ཕྲུག
___ གླུ་བ་སྒྲོལ་མ་སྐྱབས་ཀྱི་བརྙན་འཁོར་རྩམ་པ་དང་འབྲེལ་བའི་སྐད་ཆ་ཞིག

ཡར་ཀླུང་ནས་འཁྲུངས་བའི་ནས་འབྲུ་རྡོག་གཅིག
གཏམ་རྒྱུད་ཅིག་གི་ཤ་རུས་ལ་ཟུག་པས།
སྦྲང་དཀར་རྩམ་པས་གསོས་པའི་མི་རིགས་ཤིག
མཁའ་མཐའ་ན་ཉི་ཟེར་བཞིན་དུ་འཕྱོ། ༼རྩམ་པ་ཞེས་པའི་གཞས་ཚིག་དུམ་བུ་ཞིག༽

དབྱངས་ འགྲོས་དལ་ཞིང་སྙོམས་པ། འགྱུར་ཁུག་ལྷོད་ཅིང་བབ་ཆགས་པ། གཞས་ཚིག་གི་རྟོག་ཡུལ་རྒྱ་ཆེ་བའི་གླུ་གཞས་འདི་ཉིད།གངས་ཅན་པ་སྒྲོལ་མ་སྐྱབས་ སུ་གྲགས་པའི་གླུ་བ་འདིའི་སྐད་ཀྱི་གདེངས་མཐོ་བ་རི་ཆུ་པང་དུ་བླངས་འདྲ། སྨྲ་བའི་བརྗོད་དག་པ་བུ་རམ་ལྕེ་ལ་གཏོར་འདྲ། འགྱུར་ཁུག་གི་རྩལ་རྫོགས་པ་ལྷོ་སྤྲིན་རླུང་གིས་བསྐྱོད་འདྲ། འདེགས་འཇོག་གི་དོ་མཉམ་པ་གཙང་ཆུ་རླབས་སུ་འཕྱུར་འདྲ་སོགས་བོད་པའི་གླུ་སྐད་ གཙང་མ་ཞིག་གི་ཁྱད་ཆོས་ལྟོས་བཅས་ཀྱི་འཛོམ་པའི་ངག་སྒོ་ལས་ཐོས་ཐེངས་རེ་རེར། ང་ལ་ནི་ཆུ་དྭངས་མོའི་ཤག་སྒྲ་དང༌། རླུང་བསིལ་མོའི་ཤུར་སྒྲ་མ་གཏོགས་ཅི་ཡང་མི་སྣང་བའི་རྩྭ་ཐང་ཆེན་པོ་ཞིག་ཏུ་ སླེབས་འདྲའི་ཚོར་སྣང་དབང་མེད་དུ་སྐྱེས་འོང་ཞིང༌། གནས་འདི་ནས་མིག་ཟུང་ཐག་ རིང་ལ་གཏོད་ཀྱིན་རང་བྱུང་གི་མཛེས་པ་མངོན་སུམ་མཐོང་བའི་སྤྲོ་བ་དང༌། བློ་ཁ་ནང་སེམས་ལ་ཕྱོགས་ནས་ཆོས་ཉིད་ཀྱི་བདེན་པ་ཅིར་ཅར་རྙེད་པའི་དགའ་བ་སོགས་ ཉམས་སུ་མྱོང་བཞིན། སྐབས་ལན་རེར་སྲིད་པ་ཆེན་པོ་འདིའི་མཐའ་དང་དབུས་སུ་མེད་པའི་བྲང་གཞུང་དུ་དལ་ ལྷོད་ལྷོད་ངང་གཉིད་དུ་ཡུར་བ་དང༌། འཛུམ་ཤིག་ཤིག་ངང་ངལ་གསོ་བྱས་ཆོག་པའི་རྒྱལ་ཁམས་ངོ་མཚར་བ་ཞིག་སྟེ། ང་དང་ང་ལྟ་བུ་དག་གི་ཕ་གཞིས་སུ་ལས་ཀྱིས་བྱིན་པའི་ཁ་བ་ཅན་གྱི་ཡུལ་གྲུ་འདིར་ད་ དུང་ཨུ་ཚུགས་ཀྱི་མགོ་བོ་དགྱེ་ནས་སྔར་བཞིན་འཚོ་འདོད་དང༌། ཞེན་ཆགས་ཀྱི་སྤར་ཁ་བསྡམས་ནས་ཡུན་དུ་འདུག་འདོད་འགོག་མེད་དུ་སྐྱེས་འོང༌། གནའ་མི་དག་གི་ཁ་དཔེར། རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བ་ཞིག་ཡོད་པ་ཤིན་ཏུ་བདེན་པར་འདུག་སྟེ། མི་སུ་ཡིན་རུང་སྐྱེ་དུས་ལྟེ་ཁྲག་འཕོ་ས་དེ་འཆི་དུས་དུར་རྡོ་འཛུགས་ས་ཡིན་ན་ བསམ་པ་ནི་བཤད་མ་དགོས་པ་ཞིག་ལོས་ཡིན། དེ་བས་གནའ་སྔ་མོའི་དུས་སུ་མེས་པོ་དཔུང་རྗེན་དེ་ཚོས་ཡུལ་ཡར་ཀླུང་ཁོག་ལ་བཏབ་ པའི་ནས་འབྲུ་རྡོག་གཅིག་པོ་དེ།
དེ་རིང་ད་དུང་ང་འཚོའི་སྐྱིད་ལ་སྡུག་པའི་གཏམ་རྒྱུད་ཡོད་ཚད་ཀྱི་ཤ་ཡི་གསེང་དང་ རུས་པའི་རྐང་ལ་ཟུག་ཡོད་པར་ཡང་རྒྱུ་མཚན་ལོས་ཡོད། ཡང་ཅིག་བཤད་ན། ང་ཚོའི་ཐོག་མའི་རྟེན་འབྲེལ་གྱི་ས་བོན་དུ་བཏབ་པའི་ནས་འབྲུ་རྡོག་པོ་དེ། དང་པོ་ཞིང་སར་བཏབ་ནས་མྱུ་གུ་འབུས་པ། བར་དུ་འབྲས་བུ་སྨིན་ནས་སྟོན་དུ་བླངས་བ། མཐའ་མར་ཡོས་སུ་བརྔོས་ནས་རྩམ་པར་ཐག་པའི་གོ་རིམ་ནི། ནས་འབྲུ་རྡོག་པོ་གཅིག་གི་གཏམ་རྒྱུད་ཙམ་དུ་མ་ཟད། མེས་པོ་སོ་ནམ་པ་དེ་ཚོས་རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས་པ་དང༌། ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས་བའི་གཏམ་རྒྱུད་ཀྱང་ཡིན་པར་བསམ་ན།ཁོ་ཚོས་ ནས་འབྲུ་གཅིག་ལས་རང་ཁྱིམ་དྲོན་མོ་འདི་བསྐྲུན་ཅིང༌། ཕ་ས་གྲུ་བཞི་འདི་བཟུང་བའི་བློ་དང་སྤོབས་པར་ཧ་མི་ལས་པ་སུ་ཞིག་ཡོད་དམ།


ང་ནི་གླུ་སྐད་ཅིག་གིས་འདི་ལྟར་གཏིང་ཟབ་པའི་ཕྱིར་དྲན་དང་བརྗོད་དཀའ་བའི་འཆར་ ཡན་གྱི་ཀློང་དུ་དྲངས་ཤིང༌། རེ་ཞིག་རང་གིས་ཉན་བཞིན་པ་དེ་གླུ་གཞས་ཤིག་ཡིན་པའང་བརྗེད་པར་བྱས་སོང༌། ཡིན་ནའང་ཁད་དང་ཡུན་གྱིས་ཁོ་བོར་སེམས་ཁྲལ་གཞན་ཞིག་ཀྱང་དབང་མེད་དུ་སྐྱེས་ ཤིང༌། སྐད་ཆ་འགའ་རེ་མ་བཤད་ཐབས་མེད་ལྟ་བུ་ཞིག་ཀྱང་ཆགས་སོང༌། ཁ་སང་དེ་རིང༌། བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་སོ་སོར་གླུ་བ་གླུ་མར་གྲགས་པ་མང་པོ་ཡོད་ ཚོད་རེད་ལ། ཚིག་འབྲི་བ་པོ།དབྱངས་སྒྲིག་པ་པོ་སོགས་ཀྱང་གང་སར་ཐོས་རྒྱུ་འདུག་པར་མ་ཟད། ཁོ་ཚོས་ཡུལ་དུས་མི་འདྲ་བ་སོ་སོར་དགོང་ཚོགས་བསྡུ་དང་འགྲན་ཚོགས་སྤེལ་བ། སྒྲ་ཐག་བཟོ་བ་དང་བརྙན་ཐག་འགྲེམ་པ་སོགས་ཀྱི་ཚ་རླབས་ཤིག་འཕྱུར་གྱིན་ཡོད་ལ། རྒྱང་བསྒྲགས་དང་བརྙན་འཕྲིན། དྲ་བ། ལག་ཁྱེར་ཁ་པར་གྱི་འབོད་བརྡ་ཚུན་གྱི་དེང་རབས་ཀྱི་སྨྱན་ཆས་དག་ལས་གང་སར་ས་དར་ རྡོ་ཁྱབ་ཀྱི་ཚུལ་དུ་སོང་ཡོད་ཀྱང༌། ཁོ་བོར་མཚོན་ན༌། ད་སྔའི་བར་ཡིད་ཀྱི་མཚོ་མོ་སྐྱོམ་པར་བྱེད་ཅིང༌། བརྩེ་བའི་བླ་སྲོག་འགུག་པར་བྱེད་པ།སྐྱོ་བའི་དུས་སུ་སེམས་ངལ་དབྱིངས་སུ་སྤུར་ བ། སྙིང་གི་སྲུབ་ཀ་དང་མིག་གི་གྲུ་ཟུར་ལ་ལྷུང་འོང་བའི་གླུ་གཞས་དེ་འདྲ་ཐོས་པ་ནི་ ལན་རེ་ཙམ་ཡིན། ད་ལྟ་དར་སོ་ཆེ་བའི་གླུ་གཞས་དེ་དག་ལས་ལ་ལ་ཞིག་ཚིག་གི་བསྡེབས་དང་དབྱངས་ཀྱི་ འགྲོས་མི་མཉམ་པ་ལྟ་བུ། འདེགས་འཇོག་འགུག་གསུམ་གྱི་གོ་རིམ་འཆོལ་བ་ལྟ་བུ་སོགས། མདོར་ན། གཞས་ཚིག་གིས་གཞས་གདངས་མ་རྙེད་པ། གཞས་གདངས་དང་རོལ་ཆས་མ་འདྲེས་པ། དེ་བས་ཀྱང་གླུ་བ་དང་གླུ་གཞས་གཉིས་གྲོས་ཁ་མ་འཆམ་པ་ལྟ་བུ་ནི་ཉུང་ཙམ་མ་ཡིན་ལ། ལྷག་ཏུ་གླུ་བ་གླུ་མ་མང་ཤོས་ནི་སྐད་ཅིག་ཙམ་ལ་མིང་གི་གྲགས་པ་གླིང་ལ་ཁྱབ་འདོད་ ཀྱི་བྲེལ་བ་སྐྱེས་ཤིང༌། དངུལ་གྱི་ཆར་བ་ཤག་ཤག་ཏུ་འབེབ་འདོད་ཀྱི་འཚུབ་ཆ་ལངས་ནས། ང་ལྟ་བུའི་ཉན་མཁན་ཕལ་བ་དག་དང་ཁ་ཐག་ཇེ་རིང་ལ་འགྱུར་ཀྱིན་འདུག་པ་ནི་བཤད་མ་ དགོས་ལ། བོད་གཞས་རྒྱ་སྐད་དུ་སྒྱུར་བ་དང༌། རྒྱ་གཞས་བོད་གདངས་ལ་སྦྱོར་བའི་དར་སོ་གསར་བ་འདི་དག་གིས། མི་རིགས་འདིས་ལོ་ངོ་སྟོང་ཕྲག་ལ་མཐོ་རྒང་གི་གངས་འཁྱག་ཁྲོད་དུ་ཟུངས་ཁྲག་དང་ རྔུལ་ཆུས་བསགས་པའི་དམངས་གཞས་འོ་མ་ལྟ་བུ་དག་གཏིང་ནས་བརྗེད་ཅིང༌། འུ་ཚོ་ཚང་མར་སྙིང་ཉེ་བའི་ཀ་ཁ་སུམ་བཅུ་བོ་ཡང་བོར་ལ་མི་ཉེའམ་སྙམ་འོང༌། 


སྤྱིར་བཏང་དུས་ཀྱི་འགྱུར་བ་དང་བསྟུན་ནས་མི་རྣམས་ཀྱི་མཛེས་དཔྱོད་ལྟ་བ་དང༌། སྒྱུ་རྩལ་གྱི་མྱོང་གོམས་སོགས་ལ་འགྱུར་ལྡོག་འབྱུང་བ་ནི་བཤད་མ་དགོས་ཀྱང༌། སྟོད་གོས་ཀྱི་འདབས་ར་ནུ་མའི་མཚམས་སུ་བཅད་ཅིང༌། དོར་མའི་རྐང་ཤག་མཚན་མའི་འགྲམ་དུ་བཏུབ་ནས་ས་མཆོང་གནམ་མཆོང་དང་མགོ་ལྡིང་ལག་ ལྡིང་བྱེད་པའི་ནུབ་གླིང་བའི་བྲོ་གར་གསར་བ་དེ་དག་དང༌། ངུ་བ་དང་དགོད་པ་གང་ཡིན་མི་ཤེས་ལ། བཤད་པ་དང་ལེན་པའི་དབྱེ་བའང་མི་ཁོར་ཅིང༌། རང་གི་ཕ་མ་མིང་སྲིང་སོགས་ཀྱི་ཁྲོད་དུའང་་་མཛའ་མོ་ལགས་་་་ངས་ཁྱེད་ལ་འོ་ཞིག་ བྱེད་འདོད་་་་མཛའ་བོ་ལགས་་ངས་ཁྱེད་ཀྱི་ཤ་དྲོད་མྱོང་འདོད་་ལྟ་བུའི་རྒྱ་ནག་ གི་གླུ་གཞས་དེ་ཚོ་ནི། འུ་ཚོའི་བབ་ཆགས་ཤིང་ཅུང་ཟད་སྐྱོ་སྣང་རང་བཞིན་ལྡན་པའི་མཛེས་དཔྱོད་གོམས་གཤིས་ དང༌། ཚགས་དམ་ཞིང་སྒམ་བརླིང་གི་རྣམ་པར་གྲུབ་པའི་མི་ཆོས་ཀུན་སྤྱོད་ཀྱི་སྲོལ་རྒྱུན་ དང་ཁ་འཕྲོད་ཐབས་མེད་པས་ན། རང་གི་གླུ་སྐད་དྭངས་མོ་དང་ཉམས་འགྱུར་མཉེན་མོས་རང་གི་མི་རིགས་འདིའི་སེམས་ཁ་ གསོ་འདོད་པའི་གླུ་བ་ཞིག་ཡིན་ཕྱིན། དར་སོ་ཆེ་བའི་གསར་བའི་རིགས་དེ་དག་ལ་ལད་མོ་ཨེ་འཁྱོངས་ལྟ་རྒྱུ་ད་དུང་སྐབས་སུ་ མ་བབས་པ་འདི་ཙམ་ཤེས་ན་འགྲིག་ཅིང༌། ཡང་ཅིག་བཤད་ན་གླུ་གར་གྱི་སྒྱུ་རྩལ་འདི་ཉིད་ནི་སྙན་ངག་སོགས་སྒྱུ་རྩལ་གྱི་ རིགས་གཞན་དག་དང་འདྲ་བར་གླུ་བ་རང་གི་མི་ཚེ་ལྟ་བ་དང་ཆགས་སྡང་གི་སེམས་ཁམས། མཛེས་དཔྱོད་ཀྱི་མྱོང་གོམས་སོགས་དང་དབྱེར་མེད་དུ་འདྲེས་པ་ཞིག་ཡིན་པས་ན། ནུབ་གླིང་དང་རྒྱ་ནག་སོགས་ཀྱི་གླུ་གར་དེའི་རིགས་ནི་ཁོ་ཚོ་རང་གི་རིག་གནས་ སེམས་ཁམས་དང༌། སྤྱི་ཚོགས་ཀྱི་གནས་སྟངས། མི་སྒེར་གྱི་མཛེས་དཔྱོད་ལྟ་བ་སོགས་ཀྱིས་བསྐྱེད་པ་ཞིག་ཡིན་ཕྱིན། རང་ལ་མ་གོམས་པ་དང་མ་འདྲིས་པའི་གསར་བ་དེ་དག་བཙན་གྱིས་སྣ་འཐེན་ནས་ཁ་ནང་ལ་ སླེབས་འདོད་བྱས་ན་གྲུབ་འབྲས་ལོན་ཁེགས་པོ་ཡིན་སྲིད་སྙམ། དོན་དངོས་ཀྱི་སྟེང་ནས་ཀྱང་ཉེ་བའི་ལོ་འདི་གར་བོད་ཀྱི་གླུ་བ་གླུ་མ་འགའ་རེར་ ཉན་མཁན་གྱི་དགའ་བསུ་ཐོབས་པ་དང༌། རྒྱལ་ནང་དུ་གདེངས་འཇོག་མི་དམན་པ་དང་བྱ་དགའ་མི་ཉུང་བ་བླངས་མྱོང་བ་དག་ཀྱང་རང་ མི་རིགས་ཀྱི་གླུ་གར་སྲོལ་རྒྱུན་གྱིས་དྲིན་ལས་བྱུང་བ་ཡིན་པ་མིག་མཐོང་ལག་ཟིན་ རེད།


རང་རེ་བོད་ཀྱི་ཁ་དཔེ་ཞིག་ལ་སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་པ་དང༌། གོམ་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས་ཟེར་བ་བཞིན། འུ་ཚོར་གླུ་གར་གྱི་སྲོལ་རྒྱུན་ཕུན་སུམ་ཚོགས་པ་ཞིག་ཡོད་འདུག་སྟེ། གནའ་བོའི་བཙན་པོའི་དུས་སྐབས་སུ་སྲིད་དོན་གླུ་རུ་བླངས་ནས་བརྡ་སྦྲོན་ཐབས་ཡོད་ ལ་ཕྱིས་སུ་རི་ཁྲོད་པ་དག་གིས་ཉམས་རྟོགས་གླུ་རུ་གྱེར་ནས་ཆོས་གསུངས་ཚུལ་ཡོད་ མྱོང༌། འཛམ་གླིང་གེ་སར་རྒྱལ་པོས་གླུ་བླངས་ནས་ཕྱོགས་བཞིའི་དགྲ་བཞི་བཏུལ་ཚུལ་ནས་རིག་ འཛིན་ཚངས་དབྱངས་རྒྱ་མཚོས་གླུ་བླངས་ནས་ཕྱོགས་མེད་ས་མཐར་འཁྱམས་ཚུལ་གྱི་ལོ་ རྒྱུས་ཡོད། ད་དུང་འབྲོག་པ་དག་གི་གནག་ཕྱུགས་རི་ནས་འཚོ་དུས་ཀྱི་རྫི་གླུ་དང་འབྲི་མོ་ལྷས་ ནས་འཇོ་དུས་ཀྱི་བཞོ་གླུ། ཆུ་ལེན་པའི་གླུ། བལ་འབྲེག་པའི་གླུ་སོགས་དང༌། ཞིང་བ་ཚོས་སོན་འདེབས་པའི་གླུ། གཡུལ་གཅོག་པའི་གླུ། སྟོན་ལེན་པའི་གླུ། རྒན་པ་དག་གི་མི་ཚེ་མྱོང་བ་གླུ་རུ་བླངས་བ་གནའ་རྒྱའི་ཚེ་ལོ་ལྟ་བུ། གཞོན་པ་དག་གི་བརྩེ་དུང་གི་གཏམ་རྒྱུད་གླུ་རུ་བླངས་བ་ཏཱ་ནི་སྟོད་ལྟ་བུ། ད་དུང་དབུས་གཙང་གི་ཆང་གཞས་དང་ཁམས་པའི་མཛའ་གཞས། ཨ་མདོའི་ལ་གཞས་སོགས་ང་ཚོའི་མི་རིགས་འདིའི་དངོས་ཡོད་ཀྱི་འཚོ་བ་མཚོན་པ། སེམས་ཁམས་ཀྱི་ཆགས་སྡང་གསལ་བ། རིག་གནས་དང་འདྲེས་པ། གོམས་གཤིས་དང་འཕྲོད་པ་ཤིན་ཏུ་མང་ཞིང༌། སྤྱིར་བཏང་བོད་ཀྱི་མཁས་པ་དག་གི་བསྟན་བཅོས་རྩོམ་དུས་ཀྱང་གླུའི་རྣམ་པ་ཅན་དུ་ བརྩམས་པ་མང་པ་དཔེར་ན། རྗེ་བཙུན་མི་ལ་རས་པ་དང་ཡབ་རྗེ་སྐལ་ལྡན་རྒྱ་མཚོ། རྡོ་གྲུབ་བསྟན་པའི་ཉི་མ། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་མཁས་གྲུབ་མང་པོའི་གསུང་རྩོམ་ཁྲོད་མཇལ་དུ་ ཡོད་ཅིང༌། བོད་ཀྱི་གནའ་བོའི་སློབ་གླིང་ཉག་གཅིག་སྟེ་དགོན་སྡེ་སོ་སོར་ཡང་འདོན་ཆོག་གི་ དབྱངས་རྟ་ཆེས་མང་པོ་ཡོད་པ་འདི་དག་ལ་ད་གཟོད་བོད་ཀྱི་གླུ་ཞེས་འབོད་ཅིང༌། ཐོས་ཚོད་ལ་སོག་པོ་དང་ཞིན་ཅང༌། ཨུ་རུ་སུ་སོགས་ཀྱི་དམངས་གཞས་ཀྱི་རྩ་བ་དེའང་མདོ་དབུས་མཐོ་སྒང་ནས་འབུས་བར་ བཤད་དེ། དངོས་ནས་དེ་དག་གི་གཞས་གདངས་རིང་ལ་མཐོ་བ་དང་འགྱུར་ཁུག་ལ་སྐྱོ་ཉམས་དོད་པ་བོད་ གླུ་ལྟ་བུའི་ཁྱད་ཆོས་འགའ་རེ་རང་གིས་ཀྱང་ཚོར་ཐུབ་པར་སྣང༌། དེ་བས་ང་ཚོས་ནམ་རྒྱུན་རང་ལ་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ངོ་མཚར་བ་ཞིག་ཡོད་ ཅེས་ས་ལྡིང་གནམ་ལྡིང་བྱེད་རྒྱུར་དགའ་ཡང༌། ངེས་པ་དོན་གྱི་གཞན་ལ་ངོམ་ཆོག་ཆོག་གི་གླུ་གར་གྱི་སྲོལ་རྒྱུན་འདི་ལ་དོ་སྣང་མ་ བྱུང་བར་ཕངས་སེམས་མི་སྐྱེའམ། ད་ལྟའི་གླུ་བ་ཚོར་མཚོན་ནའང་འདི་ནི་བཙེམ་མི་དགོས་གོས་ཆེན་དང་གྲུབ་དང་བཞེངས་ མི་དགོས་ལྷ་སྐུ་རང་བྱོན་གྱི་ཚུལ་དུ་ཡོད་པས། གླུ་བ་མིང་གྲགས་ཅན་ཆེ་གེ་མོའི་གཞས་ཚིག་དང་གཞས་གདངས་ལ་ལྷན་པོ་རེ་རྒྱབ་ནས་རང་ གིས་གསར་རྩོམ་བྱས་སོང་ཁུལ་གྱི་དཀའ་ལས་རྒྱག་མི་དགོས་ཏེ། སྲོལ་རྒྱུན་ནི་ང་ཚོ་ཐུན་མོང་ལ་དབང་བ་ལས་སུ་ཞིག་གི་སྒེར་དབང་ཐོན་རྫས་ག་ལ་ ཡིན།


ད་ལྟའི་སྐབས་སུ་ང་ཚོས་ལས་རིགས་གང་ཡིན་རུང་རང་གི་རང་ངོ་མ་ཤེས། གཞན་གྱི་རྐང་རྗེས་མ་ཟིན་པར་ལུས་ཡོད་པ་བཞིན། གླུ་གར་གྱི་ཕྱོགས་ནས་ཀྱང་དེ་ལས་མ་འདས་ཏེ། དུས་རབས་ཉེར་གཅིག་པར་སླེབས་པའི་སྐབས་འདིར་ཡང་བོད་ཀྱི་གླུ་གར་སློབ་གླིང་དང་ རོལ་མོ་ཞིབ་འཇུག་སོགས་ནི་མིང་སྟོང་དུ་ལུས་ཡོད་ལ། རེ་གཉིས་ཤིག་ཡོད་པའི་དབང་དུ་བྱས་ཀྱང་ཆེད་མཁས་པའི་དཔུང་སྡེ་དང་གཞུང་ལུགས་ ཀྱི་ཁྲིད་སྟོན། རྩ་འཛུགས་ཀྱི་རྒྱབ་རྟེན་སོགས་མི་རིགས་གཞན་གྱི་མཐུན་རྐྱེན་གྱི་ཆ་ཤས་ཙམ་ཡང་ འཛོམས་མེད་ཅིང༌། ཐ་ན་བོད་མདོ་དབུས་ཁམས་གསུམ་གྱི་གླུ་གར་གྱི་ཁྱད་ཆོས་དང༌། རོལ་ཆས་ཀྱི་རྣམ་གྲངས་ལ་དཔྱད་པའི་ཆེད་རྩོམ་ལེགས་པོ་ཞིག་ཀྱང་མཐོང་དུ་མེད་ལ། གླུ་བ་གླུ་མ་ཚོ་ཡང་ཆ་རྐྱེན་ཅུང་བཟང་བ་དག་རྒྱའི་རོལ་དབྱངས་སློབ་གླིང་འགྲིམ་ པ་དང༌། མང་ཤོས་ནི་ཞིང་ཕྱུགས་ཀྱི་ལས་ཀ་གཉེར་བའི་མང་ཚོགས་ཕལ་བའི་ཁྲོད་དུ་ལུས་ཡོད་པས་ ཆེད་གཉེར་སློབ་སྦྱོང་གི་གོ་སྐབས་ཏོག་ཙམ་ཡང་རེག་མྱོང་མི་འདུག འདི་ནི་རང་རེའི་གླུ་གར་འཕེལ་རྒྱས་སུ་འགྲོ་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ ཏེ། དེང་སྐབས་རིག་གནས་སྒྱུ་རྩལ་སོགས་གང་ཡིན་རུང་ཆེད་ལས་ཀྱི་རང་བཞིན་དང་རྩ་ འཛུགས་ཀྱི་ངོ་ཅན་དུ་འགྱུར་ཐུབ་མིན་ནི་་ཤི་གསོན་ལྟ་བུའི་གནད་དོན་ཆེ་ཤོས་ཆགས་ ཡོད་པར་སྣང༌། ཡིན་ནའང༌།གནས་སྐབས་སུ་ང་ཚོར་ཕྱི་ནང་གཉིས་ཀའི་ཆ་ནས་དེ་འདྲའི་ཆ་རྐྱེན་འཛོམ་ ཁག་པོར་འདུག་ཀྱང༌། རང་རེ་གླུ་བ་གླུ་མ་དང་ཚིག་དང་དབྱངས་གསར་རྩོམ་བྱེད་མཁན་དག་གིས་ཅི་ནུས་ཀྱི་ རང་གི་སྲོལ་རྒྱུན་གྱི་ཁྱད་ཆོས་དང་ཉན་མཁན་གྱི་རེ་བར་ཐུགས་སྣང་མཛད་རྒྱུ་གལ་ ཆེན་པོ་ལགས་ཏེ།
བོད་ཀྱི་གླུ་བ་ཡིན་ཟེར་རུང་བོད་གླུའི་ཁྱད་ཆོས་རྨང་ནས་བོར་བ་དང༌། བོད་ཀྱི་གླུ་གཞས་ཡིན་ཟེར་རུང་བོད་ཀྱི་ཉན་མཁན་དང་རིང་དུ་གྱེས་པའི་སྣང་ཚུལ་ སྐྱོ་བོ་ཞིག་ཆགས་བཞིན་པ་མངོན་སུམ་རེད་ཨང༌། ཡིན་ནའང༌། སུ་ཞིག་གིས་ཆེ་ས་ནས་ཅི་ཞིག་ཤེས་སོང་ཁུལ་གྱིས་སྒྱུ་རྩལ་པར་རྒྱལ་ ཁབ་ཡོད་ཀྱང༌། སྒྱུ་རྩལ་ལ་རྒྱལ་མཚམས་མེད་ཟེར་ནི་རེད་ཅེས་བཤད་སྲིད་ཀྱང༌། རྒྱལ་མཚམས་མེད་པའི་སྒྱུ་རྩལ་ཞེས་པ་དེའང་ཐོག་མར་རྒྱལ་ཁབ་ཅིག་གི་སྒྱུ་རྩལ་ལས་ མགོ་བརྩམས་པ་ལགས་ཤིང༌། གཞན་དུ་གནའ་མིའི་ཁ་དཔེ་བཞིན་སྟག་མཆོངས་སར་ཝ་མཆོངས་ན་སྒལ་ཚིགས་འཐོར་བའི་ཉེན་ ཁའང་འབྱུང་སྲིད་ཅེས་ཀྱང་ཞུའོ། ། 


ཁོ་བོར་མཚོན་ན། གླུ་དབྱངས་ནི་རང་གི་འཚོ་བའི་ཁྲོད་དུ་ཟས་ཀྱི་སྤོད་དུ་སྡོར་བཏབ་པ་པ་བཞིན་ འབྲལ་དུ་མི་ནུས་པ་ཞིག་ཆགས་འདུག་པས་ན། ནམ་རྒྱུན་གླུ་བ་ཆེ་གེ་མོའི་ཆེད་བསྒྲིགས་དང་གླུ་མ་ཆེ་གེ་མོའི་གཞས་གསར་དག་ལ་ རེ་ལྟོས་ཀྱི་མིག་ཟུང་ཆེ་རུ་བགྲད་མཁན་ཞིག་ལགས་མོད། རེ་བཞག་ས་ནས་ལུང་བསྡིབས་པ་ཡང་ཉུང་ཉུང་མིན་ཡང༌། ཉེ་སྔོན་གླུ་བ་སྒྲོལ་མ་སྐྱབས་ཀྱི་རྩམ་པ་ཞེས་པའི་ཆེད་བསྒྲིགས་འདིར་བལྟས་པ་ན། ཆེད་བསྒྲིགས་འདི་ནི་ད་སྔའི་བར་རང་རེ་གླུ་གཞས་ཁྲོད་ཀྱི་ཅུང་ལེགས་འགྲུབ་བྱུང་ ཡོད་པའི་རིགས་སུ་གཏོགས་པར་འདོད་དེ། ཚིག་གི་སྦྱོར་བ་དང་དབྱངས་ཀྱི་འགྱུར་ཁུགས། གླུ་བའི་ཉམས་འགྱུར་སོགས་གང་གི་ཆ་ནས་ཀྱང་སྐབས་ལན་རེར་ཡིད་སེམས་ཐང་ལ་ལྷུང་ བའི་སྐྱོ་བ་ཞིག་ཚོར་བར་བྱེད་པ་ཕ་ཡུལ་དང་མ་ལོ་ཞེས་པ་ལྟ་བུ་དང༌། མཚམས་ལན་རེར་སྙིང་རྩ་ལྷོག་ལྷོག་འཕར་བའི་སྤོབས་པ་ཞིག་སྦྱིན་པར་བྱེད་པ་པོ་ཏ་ ལ་དང་གངས་ཅན་པ་ཞེས་པ་ལྟ་བུ། ད་དུང་ཐོད་གཉེར་ཤིག་ཤིག་བསྡུས་ནས་བསམ་གཞིག་གི་འཇིངས་སུ་ཁྲིད་པར་བྱེད་པ་རྩམ་ པ་དང་ཁ་བའི་མེ་ཏོག་ཅེས་པ་སོགས་ལ་ཉན་ཐེངས་རེར། ཁོ་བོར་བོད་ཀྱི་གླུ་གཞས་ཟེར་ན་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་རྣམ་རྟོག་ཅིག་ དབང་མེད་དུ་སྐྱེས་འོང་བའང་རྒྱུ་མཚན་མེད་པ་ཞིག་མ་ཡིན་པར་འདོད་དེ། རེ་ཞིག་རང་རེའི་གླུ་བ་མང་ཤོས་ཀྱིས་རྙེད་མ་ཐུབ་པའི་རང་རེ་གངས་ཅན་པ་དག་གི་ གཉུག་གཤིས་སུ་སིམ་པའི་མཛེས་པ་ཞིག་དང༌། ཁྲག་རྒྱུན་དུ་འདྲེས་པའི་སྤོབས་པ་ཞིག་ཚོར་བར་བཤད་ནའང་རྫུན་དུ་འགྲོ་བའི་གནས་ མེད་པར་འདོད་ཅིང༌། སྤྱི་ཁྱབ་ཏུ་བཤད་ནའང༌། མཁས་པས་དཔྱད་ན་ཚིག་གི་བསྟན་དོན་གྱིས་བློ་དགྱེས་པ།བླུན་པོས་ཉན་ན་དབྱངས་ཀྱི་ སྙན་ཆ་ཡིས་ཡིད་འགུག་པ།མཁས་བླུན་སུ་ཡིས་བལྟས་ཀྱང་ཆགས་སྡང་གི་བྲོ་བས་ཞེ་འཁུལ་ བར་བྱེད་པ་ཞིག་ཏུ་བཅོས་མིན་དུ་མཐོང་འོང་ངོ༌། སྤྱིར་བཏང་སྒྱུ་རྩལ་ཞེས་པ་ནི་མཁས་པའི་ངག་གི་གཏན་ཚིགས་ལྟ་བུའི་གནས་ལུགས་ རྗེན་རྗེན་ཞིག་སྟོན་བྱེད་དང༌། ཚོང་བའི་ལག་གི་གསེར་དངུལ་ལྟ་བུའི་ཡོང་སྒོ་རྡོག་རྡོག་ཅིག་འཚོལ་བྱེད་མིན་ལ། སྒྱུ་རྩལ་པ་ཞེས་པའང་སྣང་བའི་ཆོས་ཀུན་དཔེ་རུ་འདྲེན་མཁས་བའམ། དཔེ་ཡི་བརྡ་རྟགས་དོན་དུ་སྟོན་ནུས་པ། ཕྲ་མཐོང་གི་ཚོར་བ་ཁབ་ལྟར་རྣོ་བ། ཆགས་སྡང་གི་འདུ་ཤེས་མེ་ལྟར་ཚ་བ་ཞིག་ཡིན་སྐད་འདུག་པས་ན། སྒྱུ་རྩལ་པ་ཞེས་པའི་མིང་འདིའང་སྐལ་ལྡན་གྱི་མི་སྣ་རེ་ཟུང་ལ་གནམ་རྒན་མས་གནང་ བའི་དངོས་གྲུབ་ཅིག་ཏུ་སྣང་བས། གནའ་ནས་ད་ལྟའི་བར་རང་ཉིད་སྒྱུ་རྩལ་པར་རློམ་པ་ནི་མང་མང་ཞིག་ཡོད་ཀྱང༌། ངེས་པ་དོན་གྱི་སྒྱུ་རྩལ་པ་ནི་ཉུང་ཉུང་དུ་ཟད་པའང་དེའི་རྐྱེན་ཡིན་པར་བཤད། ད་ལྟ་འཛམ་གླིང་ཆེན་པོ་འདིར་ཚན་རིག་གི་གསར་རྙེད་དང༌། ལག་རྩལ་གྱི་གསར་གཏོད་ཆེས་ངོ་མཚར་བ་ཁ་སང་ལས་དེ་རིང་མང་བ་དང༌། ན་ནིང་ལས་ད་ལོར་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འབྱུང་གིན་ཡོད་ཀྱང༌། མིའི་རིགས་ཀྱི་བླ་ན་མེད་པའི་ཀུན་སྤྱོད་ཀྱི་དགེ་བ་དང༌། སྒྱུ་རྩལ་གྱི་མཛེས་པ་མཁོ་ན་ད་དུང་སྟོབས་ལྡན་སུ་ཡིས་སྒེར་འཛིན་དང༌། རྒྱུ་ཆེན་སུ་ཡིས་ཉོ་རུ་མི་ནུས་པ་ཞིག་ཆགས་ཡོད་ནི་དེ་བས་ཀྱང་ཆེས་ངོ་མཚར་བ་ མིན་ནམ་ཞེས་ཞར་བྱུང་དུ་ཤོར་བའི་གཏམ་མོ།
མདོར་དྲིལ་ནས་བཤད་ན། རང་རེ་གླུ་མ་ཚོས་ཀྱང་སྒྱུ་རྩལ་ཞེས་པའི་མིང་རླབས་པོ་ཆེ་འདི་རྩེད་ཆས་ཙམ་དུ་ མི་འདོད་པའི་རེ་བ་དང༌། སྒྱུ་རྩལ་གྱི་ཡོན་ཏན་ཟེར་ན་ཤོག་སྒོར་བརྩེགས་མ་ཙམ་དུ་ངོས་མི་འཛིན་པའི་རེ་བ་ ཞིག་ཞུ་བ་ལགས་ཤིང༌། གཟུགས་མཛེས་པ་ཙམ་སྒྱུ་རྩལ་ཡིན་ན་རི་མོ་ལས་གཞན་མི་དགོས་པ་དང༌། སྐད་སྙན་པ་ཙམ་སྒྱུ་རྩལ་ཡིན་ན་གླིང་བུ་ལས་གཞན་མི་མཁོ་བས་ན། རང་ཉིད་ཤ་དར་ཁྲག་དར་གྱི་སྒྱུ་རྩལ་པ་གསོན་པོ་ཞིག་ཡིན་པར་བསམ་བློ་རེ་གཏོང་ རོགས་ཞེས་པ་འདི་ཙམ་ཡིན། གཞན་དུ་རང་ཉིད་ལ་གླུ་གར་ཕྱོགས་ཀྱི་ཤེས་ཚད་མཐོན་པོ་ཞིག་ཡོད་མདོག་གིས་སློབ་ སྟོན་བྱེད་བསམ་པ་ནི་གཏན་ནས་མིན་པར། ཉན་མཁན་ཕལ་བ་ཞིག་གི་ངོས་ནས་རེ་བའམ་བསམ་འཆར་རེ་བཏོན་པ་ཡིན་ནོ། ། 

Advertisements

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s